R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།མི་ལྔ་ཡར་བྱོན་པའི་དུས་སུ་མཁན་པོའི་ཞལ་བསྐོས་སུ་སྤྲིངས་པ། ཀླུ་མེས་མཁས་བཙུན་པས་མཁན་པོ་གྱིས། འབྲིང་སྐྱོང་མཁས་པས་གནས་བརྟན་གྱིས། ལོ་སྟོན་མཐུ་ཆེ་བས་བསྟན་པ་སྲུངས། ཚོང་སེང་གེ་བློ་རྣོ་བས་སྟོན་པ་གྱིས་ལ་ཆོས་ཤོད། སུམ་པ་ལ་ཁྱེད་རང་སྒྲུབ་པ་གྱིས་གསུངས་ནས་ཡར་བྱོན་ལུགས་སོ། །མི་ལྔར་བྱེད་ན། ཀླུ་མེས། སུམ་པ། དབུས་པ་གསུམ་མོ། །ལོ་ཙཱ་བ་གཉིས་ཏེ་གཙང་པ་གཉིས་ཡིན་ནོ། །དེ་ཡང་དང་པོ་གཡོག་བཅུ་ཡིས་རབ་ཏུ་བྱུང་ཞིང༌། མཐའ་འཁོབ་ཀྱི་བསྙེན་པར་རྫོགས་པར་བྱས་སོ། །དེ་ཡང་ཡར་བྱོན་པའི་ལམ་དུ་སྦ་དང་འ་གཉིས་དང་མཇལ་ཏེ། ཀླུ་མེས་ལས་རབ་ཏུ་བྱུང་ངོ༌། །དེ་ལྟར་མི་ལྷའམ་བཅུ་ཡར་བྱོན། དེ་ནས་ཁོང་རྣམས་ཀྱིས་སྲས་སུ་ཏད་་་་སྣ་སུ་ལ་གཏད་་་་་་གྲོས་བྱས་པས། ཆོས་འཁོར་བསམ་ཡས་སུ་ཕྱགས་ཕབ། དེར་བཙན་པོ་ཁྲིས་ཁྲོང་རྣམས་ཀྱིས་སྣ་བླངས་ནས། ཁྱེད་ཚོའི་དཔོན་སུ་ཡིན་དྲིས་པས། ཀླུ་མེས་ཡིན་བྱས་པས། དབུ་རྩེའི་ལྡེ་མིག་རྩ་་་་་་བཙས་་་་ཁྱེར་ཆག་པ་གང་ཕྱག་ཏུ་གཏད། འཁོར་སའི་སྒོ་ཕྱེ་བས་ནང་འདྲེ་ཚེར་དང་སྐྱ་འགལ་གྱིས་གང༌། དེའི་ཡལ་གའི་ཆུས་རི་མོ་ཐམས་ཅད་བྱིད། རྔ་ཁང་ན་དབུས་མཐའི་ཀ་བ་ལིང་བཅུ་གཉིས་འདུག་པའི་བཞི་འཕྲེང་ཐག་ཆད། གཞན་ཀུན་སྐམ་བུ་ཟིང་གདའ། འཁོར་ས་བར་པ་ན། ཝ་ཚང་བཅས་དཀོར་ནོར་གྱིས་གང་འདུག་པ་གཟིགས། དབུ་རྩེའི་ལྡེར་བཟོའི་ཕྱག་དང་དབུ་རྒྱན་ཐམས་ཅད་ལ་བྱ་ཚང་བཅས། དབུ་རྒྱན་ཐམས་ཅད་བྱ་ལུད་ཀྱི་རུལ་འདུག ཀླུ་མེས་ཀྱིས་དཀར་མཛོད་གཟིགས། སྒོམ་ཐམས་ཅད་སྦྲུལ་བདུད་ལ་སོགས་པའི་འཕྲུལ་ཐག་བྱས་རྒྱ་བཏབ་པས། ཕྱིར་རྫབ་ཞལ་བྱས་ནས་ལྡེ་མིག་ཐམས་ཅད་བཙན་པོ་ལ་གཏད། ང་མཁན་པོར་བསྐོས་པས། མཁན་པོ་རྣམས་དཀོར་ལ་འབགས་པས། ང་འདི་མི་འཛིན་གསུངས། ཁམས་གསུམ་ཟངས་ཁང་གླིང་ཕུལ་བས་ཀྱང་མ་བཞེས་སོ། །བུ་ཚལ་གསེར་ཁང་གླིང་ལོ་ཙཱ་བ་གཉིས་ལ་ཕུལ་བས་ཀྱང་མ་བཞེས། གདུལ་བྱ་རེ་སོ་སོ་ན་ཡོད་གསུངས་ནས་ལོ་ཙཱ་བ་གཉིས་གཙང་ན་ཡར་བཞུད་དོ། །རག་ཤི་ལ་དགེ་རྒྱས་ཕུལ། གཞུག་བུ་ཙལ་ཡང་གཏད། དེ་ནས་ཀླུ་མེས་ལ་ཀ་ཆུ་ཕུལ་བས། དབུ་རུ་གཡོན་རུའི་ལམ་བཏེགས་བྱ་གསུངས་ནས། ཀླུ་མེས་ཀྱིས་དབུ་རྩེ་གསོ་བའི་ཆས་རྐྱེན་རྟ་ཁལ་མང་པོ་བསྣམས་ནས། དབུ་རྩེ་ཉམས་པ་རྣམས་གསོས། ལྡེ་མིག་རྣམས་སྦ་དང་རག་ཤི་གཉིས་ལ་གཏད་དོ། །རག་ཤིས་བུ་ཚལ་བཟུང༌། སྦས་དགེ་རྒྱས་བཟུང༌། འབྲིང་གིས་ཁམས་གསུམ་བཟུང༌། དེ་ནས་ཆད་ནས་སྡེ་པ་འཕེལ་ཏེ་རིམ་པས་བསྐྱངས་པ་ནི། མཆིམས་ཕུ་སྟོད་སྨད་དང༌། དམྱལ་གྱི་བྲག་འགུ་ར་དང༌། བྱང་གི་ཤ་མཐའ་དང༌། ལོ་རོར་འཆད་ཁྲོད་དང༌། ལྗོན་སྣ་སྤང་དུར་ལ་སོགས་པ་ལུང་བ་གསུམ་དུ་རྒྱས་པར་འཕེལ་ལོ། །ཀླུ་མེས་དང་སུམ་པས་ཀ་ཆུ་བཟུང༌། དབུ་རྩེ་ཐམས་ཅད་ཀྱང་བླའི་མཆོད་གནས་ཀྱིས་གང་བར་བྱས་སོ། ཀླུ་མེས་ཀྱིས་འདུལ་བ་ལོ་གཅིག་ཐམས་ཅད་ལ་གསུངས། དེ་ནས་རག་ཤིས་ལན་པ་སྤྱིལ་བུ་བཟུང༌། སྦས་ཤའི་་་་་ཞའི་་་ལྷ་ཁང་བཟུང༌། ཀླུ་མེས་ཀྱིས་ཡེར་བབ་རང་མཛད་ནས་བཞུགས། མཁན་པོ་ཡུན་རིང་དུ་མཛད་ནས་སྡེ་བསྐྱངས། མཁན་བུ་མང་དུ་བྱུང་ཡང་ཡོངས་སུ་གྲགས་པའི་བུ་ཡིན་ཏེ། རྔོག་བྱང་ཆུབ་འབྱུང་གནས་ཀྱི་སློབ་མ་པོ་ཏོ་བ། དེའི་སློབ་མ་ཤ་ར་བ། དེའི་སློབ་མ་ཆུ་མིག་པ། དེའི་སློབ་མ་སྣར་ཐང་པ་གྲོ་མོ་ཆེ། གཞུའི་ཀུན་དགའ་ར་བ་དང༌། ཡེར་པ་རླན་ཡེ་ཤེས་ཤེས་རབ་གཉིས་ཀྱིས་མཛད། སུམ་པས་རྒྱ་གསར་ཁང་མཛད། གུང་གསུམ་གྱིས་དབང་ཕྱུག་རྒྱལ་མཚན་གྱིས་བྲག་རྒྱབ་མཛད། སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་རྒྱལ་གྱི་ལུག་ལྷས་མཛད། གྲུ་མེར་ཡེ་ཤེས་འབྱུང་གནས་ཀྱིས་སོལ་ནག་མང་ཆེན་མཛད། དེ་རྣམས་ལས་གྱེས་པའི་གཙུག་ལག་ཁང་གི་བསམ་གྱིས་མི་ཁྱབ་པ་བྱུང༌། ཀླུ་མེས་ཀྱིས་མཁན་ལཔོ་མཛད་པའི་རིང་ལ་མཁན་པོ་གཞན་སུས་ཀྱང་མ་མཛད། སྡེ་ལ་རིགས་གཉིས་དང་ཐ་དད་ཀྱང་མེད། དགེ་འདུན་གྱིས་སྡེ་ཆོས་བཞིན་སྐྱོང་བ་ལས། ཞིང་དང་ཕྱུགས་ལ་ཡང་མི་འཛིན། འབྲུ་རྗེན་པ་མི་འཆང་བ་ལས། སྡེ་འཕེལ་བའི་སྟོབས་ཀྱིས་ཁོང་བཞེད་པ་བཞིན་མ་བཏུབ་ནས། ད་དགེ་འདུན་ཆོས་ནས་བཤད་བཞིན་དུ་སྡེ་མི་སྲུང་བར་སྣང༌། གང་ཟག་སོ་སོ་རང་རང་གི་བསླབ་པ་ལ་ནན་ཏན་བྱ་གསུངས་ནས་རྒྱ་གར་མཐའ་འཁོབ་ཏུ་བཞུད་པ་ལ་ལམ་དུ་སྐུ་འདས་སོ།