R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།དེ་ནས་རྔོག་གིས་མཁན་པོ་མཛད་དེ། སྡེ་ཐ་དད་དུ་བྱུང༌། རྔོག་འདས་ནས་རྒྱ་གསར་སྒང་གི་གནས་བརྟན་འཚལ་ཆུང་བ་མཁན་པོར་བསྐོས། དེ་འདས་ནས་རྒྱལ་གྱི་ཀུན་ཚུལ་ཁྲིམས་བྱང་ཆུབ་མཁན་པོར་བསྐོས། འདུལ་པ་ཡང་ལན་ཁ་ཡར་མཛད་དོ། །འདུལ་བ་ཞིག་ནས་མཁན་པོ་ཡང་མང་རབ་ཏུ་སོང༌། ཕྱིས་གསུམ་པས་གནས་གཞི་ཡང་བརྩིགས། མཁན་པོ་ཡང་མཛད། འབྲིང་གིས་ཡུན་རིང་པོར་དགོན་སེར་དུ་སྒྲུབ་པ་མཛད། ཕྱིས་མཁན་པོ་ཡང་མཛད། དེ་ལྟར་དབུས་གཙང་མི་ལྔས་བསྟན་པ་འཕེལ་ཞིང་རྒྱས་པར་མཛད་དོ། །དེ་ནི་མཁན་པོའི་བརྒྱུད་པའོ། །བརྒྱུད་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་བཀའ་བསྒོས་ཏེ་ཉེར་བར་འཁོར་ལ་འདུལ་བ་གཏད། དེས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མི་ཚང་བའི་ཐུགས་རྒྱུད་ལས་བསྡུས། ཁྱད་པར་དུ་ཀུན་དགའ་བོ་ལ་གཏད། དེས་ཤ་ནའི་གོས་ཅན་ལ་གཏད། དེས་ཉི་མ་གུང་པ་ལ། སངས་རྒྱས་ཀྱིས་ལུང་བསྟན་པ་ཡིན་ཏེ་ཉེར་སྦས་ལ། དེའི་དུས་སུ་དགྲ་བཅོམ་པ་བདུན་བརྒྱའི་ཐུགས་རྒྱུད་ལས་བསྡུས་ནས། དེས་ནག་པ་ལ། དེས་དན་ཏི་ཀ་ལ། དེས་ལེགས་འདོམས་ལ། དེས་ཕྱིར་མི་འོང་བློ་མི་ཕེབས་ལ། དགྲ་བཅོམ་པ་དེ་དག་གིས་བསྟན་པའི་བྱ་བ་མཛད། དེས་ཁ་ཆེ་དགེ་འདུན་བཟང་པོ་ལ། དེས་སློབ་དཔོན་དབྱིག་གཉེན་ལ། དེས་སློབ་དཔོན་ཡོན་ཏན་འོད་ལ། དེས་ཤཱཀྱ་འོད་ལ། དེས་པཎྜི་ཏ་སེང་གེའི་གདོང་ཅན་ལ། དེས་ཟ་ཧོར་རྒྱལ་པོའི་བུ་དགེ་སློང་ཤན་ཏ་རཀྵི་ཏ། དེས་མཁན་པོ་མཛད་ནས། རྒྱ་གར་དྷ་ན་ཤི་ལ་དང༌། ཁ་ཆེ་ཛི་ན་མི་ཏྲ་དང་གཉིས་ཀྱིས་སློབ་དཔོན་མཛད་ནས། བོད་ཀྱི་དགེ་སློང་ལ་སྔ་བ་སྦ་ཡེ་ཤེས་དབང་པོ་རབ་ཏུ་བྱུང་བ་དང༌། དེ་ལ་མིང་རིན་ཆེན་ནམ་མཁའི་མཛོད་སྐྱོང༌། དེས་དམར་ཤཱཀྱ་མུ་ནེ། དེས་གཡོ་དགེ་བའི་འབྱུང་གནས། གཙང་རབ་གསལ་ལ། དེ་དག་གིས་བླ་དགོངས་པ་གསལ་ལ། དེས་སྒྲོན་མཉ྄ཛུ་ཤྲིའི་ལ། དེས་གྲུམ་ཡེ་ཤེས་རྒྱལ་མཚན་ལ། དེས་དབུས་གཙང་གི་མི་ལྔའམ་བཅུ་ལ་བརྒྱུད་ནས། ཀླུ་མེས། དེས་གྲུ་མེར་ལ། དེས་ཀྱོ་གང་བ་སྡིངས་ལ། དེས་གཟུས་སྟོན་རྡོ་རྗེ་རྒྱལ་མཚན་ལ། དེས་དཟུས་སྟོན་རྙོག་གི་བུ་བཟི་སྟེ། དབུ་རུའི་རླན་་་གླན་་་ཚུལ་ཁྲིམས་བྱང་ཆུབ། གཡོ་རུའི་ལྕེ་ཚུལ་ཁྲིམས་འབྱུང་གནས། གཙང་རོང་འཁར་ཕུག་ཏུ་སྣེ་བོ་གྲགས་པ་རྒྱལ་མཚན། འཛིམས་པ་ཤེས་རབ་འོད་ལ་སོགས་པ་སོ་སོ་ལ་བཤད་དོ། །འཛིམས་པའི་སློབ་མ་མངའ་རིས་པ་རྒྱལ་བའི་ཤེས་རབ་དང༌། ཀོ་ཁྱིམ་པ་ཡེ་ཤེས་བླ་མ། ཉང་མཚམས་རིན་ཆེན་བླ་མ་དང༌། སོག་སྟོན་ཚུལ་ཁྲིམས་བླ་མ་ལ་བཤད། དེས་རྒྱ་འདུལ་བ་འཛིན་པ་ཡེ་ཤེས་སེང་གེ་ལ། དེས་མཐའ་བཞི་འདུལ་བ་འཛིན་པ་ལ་སོགས་སུ་གྱེས། དེས་རྨ་ཚོ་བྱང་རྡོར་ལ། དེས་རྒྱའི་སློབ་མ་ཤ་མི་ཆེན་པོ་དང༌། ཀྱི་ཕོ་ཚུལ་འཕགས་དང་གསུམ། དེས་བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་ལ། དེས་རྩིས་པ་གཞོན་སེང་ལ། དེས་བ་ཆར་རྩེ་མོ་ལ། དེས་དབང་ཕྱུག་གྲགས་པ་ལ། དེས་མངའ་རིས་དགྲ་བཅོམ་པ་རྒྱལ་མཚན་ལ། དེ་དག་གི་སློབ་མ་དང༌། མཁན་པོ་དང༌། ཉིང་སློབ་ཏུ་མ་གྱུར་བའི་རབ་ཏུ་བྱུང་བ་ནི་བོད་ན་ཡེ་མེད་ཇཔ་ཡིན་ནོ། །འདུལ་བ་སྨད་ལུགས་སུ་གྲགས་སོ། །བསྟན་པ་ཡས་དར་བ་ནི། སངས་རྒྱས་ཀྱི་བསྟན་པའི་རྩ་བའམ་གཞི་མར་གྱུར་པ་ནི། ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ཏེ། དེའི་རྐྱེན་ཆེ་ཤོས་མཁན་སློབ་ཡིན། དེའི་བརྒྱུད་པ་ནི་སངས་རྒྱས་བཅོམ་ལྡན་འདས། སྒྲ་གཅན་འཛིན་བཟང་པོ། སློབ་དཔོན་བྲམ་ཟེ་ཆེན་པོ་ས་ར་ཧ། དེ་གཉིས་ཀྱིས་ཀླུ་སྒྲུབ་སྙིང་པོ། དེས་བྷ་བྱ་ལེགས་ལྡན། པཎྜི་ཏ་ཡེ་ཤེས་སྙིང་པོ། དེས་ཤན་ཏ་རཀྵི་ཏ། བོ་ལ་ས་ཏྭ་ཛི་ན་མི་ཏྲ། དྷ་ན་ཤི་ལ། དྷརྨ་པ་ལ། ས་ཏུ་པ་ལ། གྷ་ན་པ་ལ། ་བ་པ་ལ། པྲ་ཛྙ་པ་ལ། དེ་དག་གིས་བལ་ལཔོའི་པཎྜི་ཏ་ཤཱཀྱ་སེ་ན་ལ། མཁན་པོ་ཞང་ཞུང་པ་དང༌། དྲང་སྲོང་ཕྱི་ཕུད་པ། དེས་རླུང་ལོ་ཙཱ་བ་ལ། དེས་དྲང་ཕྱོ་ཆུའི་རྒྱུན་ལ། དེས་ཀྱི་འདུལ་བ་འཛིན་པ་ལ། དེས་གཟུས་རྡོ་རྗེ་རྒྱལ་མཚན་ལ། འཛིམས་པ་ལ། དེའི་དུས་སུ་ཇོ་བོ་རྗེ་བྱོན་ནས་འབྲོམ་གྱིས་ལོ་ཙཱ་བ་མཛད་ནས། མདོ་རྩ་དང༌། སུམ་བརྒྱ་པ་དང༌། ཀརྨ་ཤ་དམ་དང༌། འོད་ལྡན་ལ་སོགས་གསན།