R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
པཎྜི་ཏ་སྤྲིན་གྱི་ཤུགས་ཅན་དང་མཇལ། སྤྱན་དྲངས་ནས་བྱོན་ནས་གསང་སྔགས་རྣམས་ཞུས། དེ་ནས་བོད་དུ་བྱོན། གསེར་མང་པོ་བཙལ་ནས་རྒྱ་གར་དུ་བླ་མ་མེད་པའི་རྒྱུད་གསང་བ་འདུས་པ་ལ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པར་བཀྲལ་བའི་ལུགས་རྣམས་ཞུས། གཞན་ཡང་དཔལ་རྡོ་རྗེ་གདན་བཞི་ཆ་ལག་དང་བཅས་པ་དང༌། དགྱེས་པ་རྡོ་རྗེ་རྒྱུད་གསུམ་དང༌། འཁོར་ལོ་བདེ་མཆོག་རྒྱུད་སྒྲུབ་ཐབས་དང༌། སྒྱུ་མ་ཆེན་པོ་རྒྱུད་འགྲེལ་སྒྲུབ་ཐབས་དང་བཅས་པ་དང༌། ཐིག་ལེ་རྒྱུད་དྲུག་དང༌། སྒྲུབ་སྐོར་སྡེ་བདུན་དང༌། གཤིན་རྗེ་ནག་པོ་འཆར་ཀ་དང༌། ཆོས་སྐྱོང་མགོན་པོ་གདམས་ངག་ཏུ་གབ་པ་མང་དུ་བསྒྱུར། གསང་སྔགས་པ་རྒྱུད་ཀྱི་བཤད་ཉན་ཤིན་ཏུ་རྒྱས་པར་མཛད། མཁས་པའི་ཕུལ་དུ་ཕྱིན། གྲགས་པ་ཆེན་པོ་ཐོབ། དེར་རྗེས་ནས་མར་པ་ལྷོ་བྲག་པས་འབྲོག་མི་ལ་བལ་པོའི་སྐད་དང་ཡིག་ཚང་བསླབས། ཆོས་ཞུ་བྱས་པས་ནོར་མང་པོ་འདོད་ཟེར་ནས། འདིར་བྱ་རླགས་་་་གླགས་་་་མི་འདུག་ཟེར་ནས་བལ་ཡུལ་དུ་སོང༌། བལ་པོ་སྤྱི་ཐེར་པ་ལ་འཇུག་སྒོ་ཞུས། རྡོ་རྗེ་གདན་བཞི་མཉན། ཆོས་སྐྱོང་ལྷ་མོ་དུར་གསོལ་ཞུས། ལོ་གསུམ་ནས་རྒྱ་གར་དུ་བྱོན། པཎྜི་ཏ་ཡེ་ཤེས་སྙིང་པོ་ལ་གསང་བ་འདུས་པ་གསན། སྒྱུ་ལུས་འོད་གསལ་གྱི་གདམས་པ་ཞུས། དེ་ནས་པུ་ལ་ཧ་རིར་བྱོན། བླ་མ་ན་རོ་པཎ་ཆེན་དང་མཇལ། སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། དགྱེས་པ་རྡོ་རྗེའི་རྒྱུད་གདམས་པ་དང་བཅས་པ་མ་ལུས་པར་གསན། དཔལ་མེ་ཏོག་མདངས་འཕྲོག་གི་དགོན་པར། རྗེ་མངའ་བདག་མཻ་ཏྲི་པ་དང་མཇལ། དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་པ་གླུ་བླངས་དང༌། སེམས་དངོས་པོའི་འདུག་ཚུལ་གཏན་ལ་འབེབས་པའི་གནད་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཟབ་ཀྱིས་གསན་ནོ། །དེ་ནས་ཧ་ལ་པར་བ་ཏར་དུག་མཚོ་ཁོལ་མར་དཔལ་ཞི་བ་བཟང་དང་མཇལ། མ་ཧཱ་མ་ཡ་ཞུས། སྒྱུ་མ་སུམ་རྒྱུད་ཀྱི་གདམས་པ་མ་ལུས་པར་གསན། ལར་སྔ་པྱི་ལ་རྒྱ་གར་དུ་ལོ་བཅུ་གསུམ་བཞུགས། བོད་ཡུལ་གསར་མའི་ལོ་ཙཱ་བ་ལ་གདམས་པ་ཆེ་བར་གྲགས། དེའི་སློབ་མ་ནི་མེས་སྟོན་ཚོན་པོ། འཚུར་སྟོན་དབང་ངེ་རྔོག་ཆོས་སྐུ་རྡོ་རྗེ། ཀློག་སྐྱ་དགེ་བཟང༌། མར་པ་མགོ་ལེགས། ཨ་བོ་མཐུ་ཆེན་ལ་སོགས་པས་འགྲོ་བ་ཡང་དག་པའི་ལམ་ལ་བཀོད་པ་ལགས་སོ། །དེའི་དུས་སུ་ཁ་རག་གི་གཉོས་འབྱུང་པོས་རྒྱ་གར་དུ་བྱོན། མཁས་པ་རྣམས་ཀྱི་ཞལ་འགྲིམས། སྒྲ་བསྒྱུར་ཤིན་ཏུ་མཁས། ཁྱད་པར་བླ་མ་གྲུབ་ཐོབ་བྷ་ལིང་ཨ་ཙརྱ་དང་མཇལ། གཤིན་རྗེ་གཤེད་དགྲ་ནག རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་སྒྲུབ་ཐབས་གདམས་པ། དགྱེས་པ་རྡོ་རྗེ་དང་འཇལ་དཔལ་གྱིས་མཚན་ཡང་དག་པར་བརྗོད་པ་དང༌། གསང་བ་འདུས་པ་དང༌། ཆོས་སྡེ་ཆེན་པོ་ཞུས། གསར་མའི་ཇོ་སྲས་ཐོབ་པའི་མི་བཞིའི་དང་པོ་ནི། གཉོས་ལོ་ཙཱ་བ་ཡིན་སྐད། དེའི་སྲས་གཉོས་རྡོ་རྗེ། གཉོས་གཟི་བརྗིད། གཉོས་རིན་ཆེན་རྒྱལ་པོའོ། །གཉོས་ཀྱི་རྒྱུད་བྱ་བར་གྲགས་སོ། །རྒྱ་གར་དུ་སསྔ་ཕྱི་ལ་ལོ་ཉི་ཤུ་བཞུགས་སོ། །པཎྜི་ཏ་གཉིས་སྤྱན་དྲངས། གསང་བ་འདུས་པ་ཡེ་ཤེས་ཞབས་ཀྱི་ལུགས། ལུང་དང་མཐུན་པའི་ཆོས་བཅུ་བཞི་དང༌། གཉོས་ཡོན་ཏན་གྲགས་ཀྱིས་གཤིན་རྗེ་ནག་པོ་སྐོར་གསུམ་དང༌། ཆོས་སྐྱོང་གུར་མགོན་པོ་ལ་སོགས་པ་མང་པོ་བསྒྱུར་རོ། །གཉན་ཆུང་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་རྒྱ་གར་དུ་ཕྱིན། པཎྜི་ཏ་ཇོ་བོ་མ་ཏི་ལ་འཇམ་དཔལ་ཞུས། བསྙེན་ཞིང་བསྒྲུབས་པས་སྒྲ་དང༌། སྙན་ངག་དང་སྡེབ་ལ་ཚེགས་པ་མེད་པར་མཁས་པར་གྱུར་ནས། པཎྜི་ཏ་མང་པོ་བསྟེན། སྦྱངས་པ་ཆེར་མཛད། པཎྜི་ཏ་སུ་ན་ཡ་ཤྲཱི་སྤྱན་དྲངས་ཏེ། གསང་བ་འདུས་པ་ཡེ་ཤེས་ཞབས་ཀྱི་ལུགས་སུ་བཀྲལ་བ། རྒྱན་དང་ཐོ་ཆེ་ཆུང་ལ་སོགས་པ་དང༌། གཞན་ཡང་གཟུངས་ཕྲན་མང་པོ་དང༌། རྗེ་བཙུན་སྒྲོལ་མ་དང༌། ཆོས་སྐྱོང་གི་སྒྲུབ་ཐབས་དང༌། ཕྱག་ན་རྡོ་རྗེ་བྱེ་སྤུ་དང་དྲག་པོ་མངོན་སྤྱོད་ཀྱི་ལས་དང༌། རྫས་སྦྱོར་ནག་པོའི་ལས་མང་པོ་བསྒྱུར་རོ། །སྟོད་ནས་བླ་མ་ཟངས་དཀར་ལོ་ཙཱ་བས་ཁ་ཆེ་དང་རྒྱ་གར་དུ་བྱོན། ཁ་ཆེ་རིན་ཆེན་རྡོ་རྗེ་ལ་སོགས་པ་བསྟེན། བདེ་མཆོག་འཁོར་ལོའི་རྒྱུད་འགྲེལ་ཆ་ལག་དང་བཅས་པ་ཤིན་དུ་རྒྱས་པ་རྣམས་དང༌། དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་མང་པོ་དང༌། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས།