R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པའི་ཆོས་བཅུ། རྒྱལ་པོའི་ཆོས་གཉིས་ཏེ། རྣམ་སྲས་ལ་སོགས་པ་མང་པོ་བསྒྱུར་རོ། །ཟངས་དཀར་གྱི་དབོན་པོ་ལོ་ཙཱ་བ་གཞོན་ཚུལ་ཁྲིམས་ཀྱིས་ཁ་ཆེ་ལེགས་སྨོན་ཀ་ར་ལ་ཞུས་ནས། སློབ་དཔོན་བྷ་བ་ལྷས་མཛད་པའི་སྒྲུབ་ཐབས་རྒྱས་བསྡུས། དཀྱིལ་འཁོར་ཆོ་ག་སྦྱོར་ཁ་ཆེན་པོ་ཆ་ལག་དང་བཅས་པ་དང༌། མེ་ལྕེ་འཕྲེང་རྒྱུད། རྡོ་རྗེ་བེ་ཅོན་གྱི་རྒྱུད། རྡོ་རྗེ་གསང་བའི་རྒྱུད་ལ་སོགས་པ་བསྒྱུར། དགེ་བའི་བཤེས་གཉེན་གྲྭ་པ་མངོན་ཤེས་ཅན་ལ་གདམས་ནས་དར་བར་མཛད་དོ། །དེའི་དུས་བོད་དུ་ལོ་པཎ་བྱོན་ཚད་བླ་མ་གྲ་པས་འདེགས་ཤིང་འབབ་པ་ལགས་སྐད། དེའི་དུས་ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱིས་རྒྱ་གར་དང་ཁ་ཆེར་ཕྱིན། ཆོས་མང་པོ་བཙལ། བལ་པོ་ཛ་ཧཱུཾ་དང་གཉིས་ཀྱི་འགྱུར་མང་དུ་མཛད། གཞན་ཡང་ལོ་ཙཱ་བ་ཉི་མ་དངོས་གྲུབ་ཀྱིས་མཚན་བརྗོད་ཀྱི་འགྲེལ་པ། འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་ལུགས་རྣམས་དང༌། སྒེག་པ་རྡོ་རྗེས་མཛད་པའི་ལུགས་དང༌། འཇམ་དཔལ་གྲགས་པས་མཛད་པའི་ལུགས་རྣམས་བསྒྱུར་རོ། །གཞན་ཡང་ཤིའུ་ལོ་ཙཱ་བ་རྡོ་རྗེ་ལྷ་དང༌། ལོ་ཙཱ་བ་འགར་ཆོས་ཀྱི་བཟང་པོས་པཎྜི་ཏ་སུ་མ་ཏི་ཀིར་ཏི། བལ་པོ་ཐུགས་རྗེ་ཆེན་པོ་སྤྱན་དྲངས་ནས། མཚན་བརྗོད་ཀྱི་འབྲེལ་པ་གསར་མ་དང༌། ཕྱག་ན་རྡོ་རྗེ་དྲག་པོ་གསུམ་འདུལ་གྱི་རྒྱུད་སྔ་ཕྱི་དང༌། དེའི་སྒྲུབ་ཐབས་སློབ་དཔོན་ཛ་ཝ་རིས་མཛད་པ་དང༌། གཞན་ཡང་ལོ་ཙཱ་བའི་ཆོས་དྲུག་ཏུ་གྲགས་པ་བསྒྱུར་རོ། །པཎྜི་ཏ་ཨ་བྷ་ཡ་ཀ་ར་གྷུ་པ་ཏིའི་སློབ་མ། ལོ་ཙཱ་བ་ཡོང་ཞེས་ཞེ་གསལ་བ་གཉིས་ཀྱིས་་འབྲོ་ཤེས་རབ་གྲགས་དང༌། དགེ་བསྙེན་ཤེས་རབ་བརྩོན་འགྲུས་ཀྱིས་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འཕྲེང་བ་བསྒྱུར་རོ། །མི་ཉག་ལོ་ཙཱ་བ་རྩ་མི་སངས་རྒྱས་གྲགས་པས་དཔལ་དུས་འཁོར་འགྲེལ་ཆེན་ཆ་ལག་དང་བཅས་པ་དང༌། ཁམས་པ་ཤེས་རབ་འོད་ཟེར་དང༌། མི་ཉག་ཀུན་དགའ་གྲགས་དང༌། སྟེང་པ་དཀར་འོད་ཚུལ་ཁྲིམས་འབྱུང་གནས་ཀྱིས་འཁོར་ལོ་བདེ་མཆོག་རྒྱས་བསྡུས་དང་ཆོས་སྐྱོང་མགོན་པོ་ཕྱག་བཞི་པ། ལས་མཁན་བྱ་རོག་གདོང་ཅན་དང་བཅས་པའི་རྒྱུད་སྒྲུབ་ཐབས་དང་བཅས་པ། ཟབ་པའི་གདམས་པ་མང་པོ་དང་བཅས་པ་བསྒྱུར་རོ། །དེའི་སློབ་མ་ཁམས་པ་དགའ་བློས་ཀྱང་གྲུབ་པ་ཐོབ་བོ། །གཙང་པ་ལོ་ཙཱ་བས་ཀྱང་འགྱུར་གྱི་ཞུས་དག་རྣམས་བྱས་སོ། །ཁམས་པ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པས་པཎྜི་ཏ་ཨ་མོ་གྷ་བཛྲ་སྤྱན་དྲངས་ནས། བྱ་སྤྱོད་ཀྱི་རྟོགས་པ་མང་པོ་དང༌། ཕྱག་ལེན་དང་སྒྲུབ་ཐབས་བརྒྱ་རྩ་བརྒྱད། བླ་མེད་ཀྱི་དཀྱིལ་འཁོར་ཆོ་ག་བཀའ་ཟབ་པ་མཛད་ཅིང་བསྒྱུར་རོ། །རླན་་་་གླན་་་་ཆུང་ལོ་ཙཱ་བ་་་དང་་ཨོང་པོ་ཕུ་རུ་ལོ་ཙཱ་བ་དང་གཉིས་ཀྱིས་དོན་ཡོན་ཞགས་པ་བསྒྱུར་རོ། །ཡར་འབྲོག་དོ་རི་མར་པ་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག་གིས་ཀྱང་དཔལ་འཁོར་ལོ་བདེ་མཆོག་གི་སྒྱུར་སྒྲུབ་ཐབས་རྒྱས་པ་ཆ་ལག་མང་པོ་བསྒྱུར་རོ། །དེས་ཟེ་བ་བློ་ལྡན་སེང་གེ་ལ་བཤད་དེ་དར་ཞིང་རྒྱས་པར་བྱས་སོ། །གཉལ་པ་སྐོར་ནི། རུ་པ་ལོ་ཙཱ་བ་ཤེས་རབ་དཔལ་དང་ཡེ་ཤེས་གྲགས་ཀྱིས་རྒྱ་གར་དུ་ལན་གསུམ་ཕྱིན། པཎྜི་ཏ་གྲུབ་ཐོབ་ཀ་རོ་བ་དང་མཇལ་ནས་གཤིན་རྗེ་གཤེད་དགྲ་ནག་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད། སྒྲུབ་ཐབས་དཀྱིལ་འཁོར་གྱི་ཆོ་ག། འགྲེལ་པ། དེ་རྣམས་ཀྱི་ཆ་ལག་དང༌། གཞན་ཡང་ཕྱག་རྒྱ་ཆེན་པོའི་རྒྱུད་ལྔ་གྲུབ་རྟིང༌། སྣང་བ་སྡེ་བདུན། ངེས་པ་སྡེ་བདུན། མཚན་བརྗོད་ཤེས་རབ་སྙིང་པོ། དེ་རྣམས་ཀྱི་གདམས་པ། མགོན་པོ་དཔོན་གཡོག་གསུམ་པ་དེ་རྣམས་བསྒྱུར་རོ། །ལེང་ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས་ཀྱིས་ཀྱང་དགྲ་ནག་དང་རྡོ་རྗེ་ཕག་མོ་ལ་སོགས་པ་བསྒྱུར་རོ། །འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་ཁ་ཆེ་ཟླ་མགོན་སྤྱན་དྲངས་ནས་དུས་འཁོར་འགྲེལ་པ་ཆེ་ཆུང་སྔགས་དང་བཅས་པ་བསྒྱུར་རོ། །དེ་ནས་འཇམ་དཔལ་ཟབ་དོན་ལ་སོགས་པ་མང་དུ་བསྒྱུར་རོ། སྐྱོ་ལོ་ཙཱ་བ་འོད་འབྱུང་གིས་ཀྱང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་སྔ་ཕྱི། དཀྱིལ་འཁོར་གྱི་ཆ་ག སྒྲུབ་ཐབས་རྣམས། གསང་སྔགས་གནད་ཀྱི་གདམས་པ་རྣམས་བསྒྱུར་རོ། །ལོ་ཙཱ་བ་རྨ་བན་ཆོས་འབར་དང༌།