R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ལོ་ཙཱ་བ་ཤེས་སྟོན་བྱང་ཆུབ་འབར་དང༌། ལོ་ཙཱ་བ་མ་ཆིངས་ཡོན་ཏན་འབར་དང༌། ལོ་ཙཱ་བ་བར་སྟོན་ཐོས་པ་དགའ་བཞིས་བལ་ཡུལ་ནས་པཎྜི་ཏ་རྒྱ་གར་ཕྱག་ནའི་ཞབས་ལ་གཏུགས་ནས། ཨ་མ་སི་ལ། འཁོར་ལོ་སྡོམ་པ་བཅུ་གསུམ་གསུམ་པའི་དཀྱིལ་འཁོར་དུ་ཞུགས་ཏེ། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་མཛད། སྙིང་པོ་སྐོར་ལ་དོ་ཧ་སྐོར་གསུམ་དང༌། གྲུབ་སྐོར་སྡེ་བདུན། མཻ་ཏྲི་པའི་ཆསོ་ཆུང་བཅུ་གསུམ་དང༌། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་བསྒྱུར། དེ་ནས་རྒྱ་གར་ཕྱོགས་ནས། འབྲོག་མིའི་སྲས་པོ་ལོ་ཙཱ་བ་ཙད་ཙ་ཡེ་ཤེས་རྡོ་རྗེ་སྤྱན་དྲངས་ནས། བོད་དུ་བྱོན་པ་ལ། སྤུ་རང་པ་གྲགས་མཆོག་སེས་རབ་དང༌། ཞལ་མངའ་རིང་མོ་དང༌། ཁྱུང་པོ་ལོ་ཙཱ་བ་དང༌། བོད་ཀྱི་སྟོན་པ་མང་པོས་གདམས་པ་ཞུས། མཐར་གཙང་ཤོད་པ་ལ། ཕྱག་རྒྱ་ཆེན་པོ་རྡོ་རྩ་བཅུ་གསུམ། ཁ་ཐོར་རྒྱབ་རྟེན་དང་བཅས་པ་གསུངས་སོ། །ཇོ་སྲས་ཡེ་ཤེས་རྡོ་རྗེས་ཀྱང་འགྱུར་འགའ་བྱས་སོ། །ལོ་ཙཱ་བ་ཀློག་སྐྱ་ཤེས་རབ་བརྩེགས་དང་ཡེ་ཤེས་བརྩེགས་ཀྱིས་ཀྱང་འཇམ་དཔལ་གྱི་མན་ངག་དང༌། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་འགྱུར་བསྒྱུར་རོ། །ལོ་ཙཱ་བ་ཀྱི་བྱེ་མ་ལུང་པ་དང༌། ལོ་ཙཱ་བ་འཕགས་མཆོག་གིས་འཇམ་དཔལ་གྱི་འགྲེལ་པ་དང༌། རྒྱས་འབྲིང་བསྡུས་གསུམ་གྱི་སྒྲུབ་ཐབས་འགའ་བསྒྱུར་རོ། །མལ་གྱི་བློ་གྲོས་གྲགས་པ་དང༌། ཡུ་ཆེར་ལོ་ཙཱ་བ་དང་གིས་སྒྲོལ་མའི་ཆོས་སྐོར་བསྒྱུར་རོ། །རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་རྭའི་རྡོ་རྗེ་འཇིགས་བྱེད་དང༌། ཕག་མོ་མངོན་འབྱུང་དང༌། དེའི་ཆ་ལག་མགོན་པོ་མངོན་འབྱུང་ལ་སོགས་པ་བསྒྱུར། སྒོ་ལོ་ཙཱ་བ་བསོད་ནམས་ཚུལ་ཁྲིམས་གྲགས་ཀྱིས་ཁ་ཆེ་གཞོན་ནུ་འབུམ་སྤྱན་དྲངས་ནས་སྡོམ་པ་འབྱུང་བའི་རྒྱུད། ཨ་བྷི་དྷ་ན་ལ་སོགས་པའི་རྒྱུད། སྒྲུབ་ཐབས་མན་ངག་མང་པོ་བསྒྱུར་རོ། །སྨན་ལུང་ཁུ་ཁང་གི་སེར་ཚ་དང་སྤྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་གྱིས་ཀྱང་དགྲ་ནག་གི་འགྲེལ་པ་ལ་སོགས་པ་བསྒྱུར་རོ། །ལོ་ཙཱ་བ་གཡུང་དྲུང་འོད་ཀྱི་པཌ་ཌི་ཏ་ཨ་ཤོ་ཤྲཱི་བྱ་བ་ལོ་ལྔ་བརྒྱ་ཞེས་པ་གཅིག་སྤྱན་དྲངས་ནས། འབྲིང་མཚམས་ཀྱི་ལོ་ཙཱ་བ་ཞང་ཤེས་རབ་བླ་མ་དང༌། ཞང་མྱ་ངན་མེད་པའི་དཔལ་གྱིས་གཤིན་རྗེ་ནག་པོ་སྐོར་གསུམ་བསྒྱུར་རོ། །ཡར་ལུངས་ཀྱི་ཁུ་ལོ་ཙཱ་བ་དགེ་བསྙེན་ནེ་ཙོ་དང༌། ཁུ་བསོད་ནམས་འབར་དང༌། སྤུ་རང་ལོ་ཆུང་དང༌། ཡར་ལུངས་པ་སྨ་ར་སེར་པོ་ཅན་དང་གསུམ་གྱིས། ཧང་དུ་དཀར་པོ་སྤྱན་དྲངས་ནས། རྡོ་རྗེ་ཕག་མོའི་གཞུང་མན་བསྒྱུར། དེ་རྗེས་ལ་སྤྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེ་བལ་ཡུུལ་དུ་ལན་གསུམ་བྱོན་ནས་དགྱེས་ཕག་ཐམས་ཅད་རྫོགས་པར་བསྒྱུར་རོ། །འཛིམས་པ་ལོ་ཙཱ་བས་ཕག་མོའི་སྒྲུབ་ཐབས་བསྒྱུར་རོ། །ཆག་ལོ་ཙཱ་བ་དགྲ་བཅོམ་དང༌། ཞ་མ་ལོ་ཙཱ་བ་སེང་གེ་རྒྱལ་པོས་གཞུང་མན་ངག་མང་པོ་བསྒྱུར་རོ། །གཞན་ཡང་བོད་ལ་ཐུགས་རྗེས་གཟིགས་ནས་ལྔ་བརྒྱའི་ཐམས་ཅད་མཁྱེན་པ་རིག་པའི་གནས་ལྔ་ལ་མཁས་པ། པཎྜི་གྲུབ་པ་ཐོབ་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དམ་རྒྱ་གར་དང༌། པཎྜི་ཏ་འབུམ་ཕྲག་གསུམ་པ་དང༌། ཨ་ཙ་ར་དམར་པོ་ཅན་དང༌། རྒྱ་གར་གསང་སྤྱོད་པ་དང༌། ཁ་ཆེ་ཡེ་ཤེས་གསང་བ་དང༌། བླ་མ་ཟངས་གླིང་བ་ལ་སོགས་པ་གདན་མ་དྲངས་པར་འགྲོ་བའི་དོན་ལ་བྱོན་ནས། གདུལ་བྱ་སྐལ་ལྡན་རྣམས་སྨིན་པ་དང༌། གྲོལ་བའི་ལམ་ལ་བཀོད་དོ། །གོང་གི་ལོ་ཙཱ་བ་དེ་རྣམས་ཀྱིས་དཀའ་བ་ཇི་ལྟར་སྤྱད་པ་དང་བླ་མ་གང་ཡིན་པ་དང༌། ཆོས་ཡོན་དུ་གསེར་ཇི་ལྟར་ཕུལ་བ་དང༌། བསྒྱུར་བའི་ཡོན་བདག་སུ་ཡིས་བྱས་པ་དང༌། རྗེས་འཇུག་གི་སློབ་མ་ཇི་ལྟར་བྱུང་བ་ལ་སོགས་པ་ཡོད་དེ། ཡི་གེ་མང་བར་འགྱུར་བས་མ་བྲིས་སོ། །དེ་ལྟར་བསྒྱུར་བའི་ཆོས་སྡེ་ལ། ལྷ་བླ་མའི་སྐུ་དྲིན་ལ་བརྟེན་ནས། བདག་ཉིད་ཆེན་པོ་རིན་ཆེན་བཟང་པོ་ནས་བཟུང་སྟེ། དེ་རྗེས་བསྒྱུར་བ་ཐམས་ཅད་དང༌། འགྱུར་སྔ་མ་ཀ་ཅོག་ཡན་ཆད་ཀྱིས་བསྒྱུར་བ་རྣམས་དང༌། ཅུང་མི་འདྲ་བ་འདུག་པ་རྣམས་ལ་བལྟོས་ནས་བོད་ཀྱི་མི་རྣམས་ཀྱིས་གསར་མ་ཞེས་གྲགས་ཏེ་མིང་དུ་ཆགས་སོ། །དེ་ལྟར་སྔར་འགྱུར་རྣམས་ལ་རྙིང་མ་ཞེས་གྲགས་ཏེ། སྔ་འགྱུར་གྱི་བསྙེན་སྒྲུབ་དང་བཤད་པའི་སྲོལ་རྣམས་ཇི་ལྟར་རྒྱས་ན།