སློབ་མ་སྟོན་སྒོམ་སྒྲུབ་པ་པོ་སུམ་བརྒྱ་ལྷག་པ་ཞིག་བྱུང༌། དབོན་པོ་དྭགས་པོ་སྒོམ་ཚུལ་ལ། ཞང་གཡུ་བྲག་པ། དེ་ལས་རྟོགས་ལྡན་མང་དུ་བྱུང་བ་ནི། ཚལ་པ་སྐོར་ཟེར། རྗེ་དུས་གསུམ་མཁྱེན་པ་སྟེ། གྲུབ་ཐོབ་དབུ་སེ་ལས། སོང་བྲག་པ་ཁམས་པ། ཤངས་ཀྱི་རྨོག་ཅོག་པ་དང༌། དགེ་སློང་ལ་ཡག་པ་དང༌། འོལ་ཀ་ཆོས་གཡུང༌། དེའི་སློབ་མ་སྒྱེར་སྒོམ་ཞིག་པོ། དེའི་སློབ་མ་ཁམས་སྒོམ། ཆུ་བཟང་བ། དམར་སྒོམ་མ་མཛོད་མ་བ། འུ་བྲག་པ། རྗེ་དྭགས་པོའི་སྲས་མཆོག་ཕག་མོ་གྲུབ་པ་ལ། སློབ་མ་མཐར་ཐུག་བཞི་ནི། ཤེས་རབ་ཀྱི་མཐར་ཐུག་སྟག་ལུང་པ། བསོད་ནམས་ཀྱི་མཐར་ཐུག་འབྲི་གུང་པའོ། །གཞན་ཡང་སྒྲུབ་པ་དང་རྟོགས་པ་ལྡན་པ་མང་དུ་བྱུང་ངོ༌། །རྟོགས་ལྡན་མི་ཉག་སྒོམ་རིན། གྲུབ་ཐོབ་ཉ་རང་སེ་བོ། གཡའ་བཟང་པ། སྐལ་ལྡན་ཡེ་ཤེས་སེང་གེ། ཁྲོ་བུ་བ་རྒྱལ་མཚན་རིན་ཆེན་ཀུན་ལྡན། གཙང་པ་རས་ཆུང༌། གཙང་པ་ཇོ་སྲས། རྟོགས་ལྡན་གཙང་པ་རྒྱ་སྒུར། བྱང་ཆུབ་སེམས་དཔའ་སྐོར་སྒོམ་ལ་སོགས་པ་མང་པོ་དར་བར་མཛད་དོ། །དེ་དག་གི་སློབ་བུ། ཡང་སློབ། སློབ་མ་པ་རྣམས་ལ་དྭགས་པོ་བཀའ་བརྒྱུད་དུ་གྲགས་སོ། །རྗེ་བཙུན་དམ་པ་དམར་པོར་གྲགས་པའི་གྲུབ་ཐོབ་བྱོན། དེ་ལ་སློབ་མ་ཆུང་གསུམ་དང་བརྒྱད་ཚན་གསུམ་ལ་སོགས་པ་བྱོན། སྤྲང་པོའི་དེད་དཔོན་མཛད་དེ་འགྲོ་བ་མང་པོ་གྲོལ་བར་མཛད་དོ། །དེ་དང་དུས་མཚུངས་པར་སྦས་ཤཱཀྱ་བརྩོན་འགྲུས་ལ་སློབ་མ་རྫ་ཕོར་རའི་བརྒྱུད་པ། བཀའ་བབས་བཞི་དང༌། གདུང་འཛིན་བརྒྱད་དང༌། ཐུགས་སྲས་བཞི་དང༌། ཉེ་བའི་སྲས་བརྒྱད་ཅེས་པ་བྱུང༌། དུས་དེ་ཙ་ན་ཟར་སྟག་སྣའི་ཞང་པོ་རྒྱ་འཐིང་ལས་རྣལ་འབྱོར་སྨྱོན་ཚོ་དང༌། རྩི་རིའི་འོ་ལ་འབའ་སུ་ལས་རྣལ་འབྱོར་བྱར་མེད་དང༌། རུ་མཚམས་ཀྱི་རྒྱལ་བ་སྲོ་ཁ་འཐམས་ལས་མེ་ཆུ་གོ་ལོག་པ་དང༌། དབུས་ཀྱི་ཤེ་མོ་རྒྱ་ལྕམ་ལས། གློང་ནག་པོ་རྒྱ་འཛམ། དེ་ལ་འཕུར་ཚོ་ཞེས་ཟེར་ཏེ། ཤངས་ཀྱི་རྣལ་འབྱོར་སྟག་ཚོ་དང༌། རྗི་ལུང་གི་མགོས་ཚོས་ཁ་བསྐངས་པ་འདི་རྣམས་ལ། རྣལ་འབྱོར་ནག་པོ་དྲུག་ཟེར། ཁོང་རང་གིས་སྒྲུབ་བརྒྱུད་བཟང་པོར་བྱེད། ལོ་པཎ་གྱི་རྗེས་སུ་འབྲེང་བ་རྣམས་ནི་ཁོང་ངི་དེ་རྣམས་རྡོལ་ཆོས་སུ་བྱེད། གཞན་ཡང་བོད་ཡུལ་འདིར་མཁས་པ། བཟང་བ། གྲུབ་ཐོབ། འཁྲུལ་ཞིག རྟོགས་ལྡན་ཇི་སྙེད་བྱོན་ན་ཡང༌། རྣམ་ཐར་རྣམས་བྲིས་ན་སྤྲོ་བ་སྐྱེ་བར་འགྱུར་མོད་ཀྱི། བསམ་གྱིས་མི་ཁྱབ་པས་འདིར་སྤྲོས་ན་ཡེ་གེ་མང་བར་འཇིགས་པས་མ་བྲིས་སོ། །བསྟན་པ་ཕྱི་དར་གྱི་ལོ་རྒྱུས་ཞབས་སུ་བཏགས་པའོ། །རྒྱལ་པོ་ངོ་བོ་ངེས་ཚིག་དང༌། །དབྱེ་བ་མཚན་ཉིད་བསྡུས་དོན་ལྔ༌། །ངོ་བོ་སྤྱོད་ཚུལ་གཞན་ལས་འཕགས། །ངེས་ཚིག་དབང་པོའི་བདག་པོ་དང༌། །རྒྱལ་པོ་ཞེས་བྱར་གཅིག་པས་ཏེ། །དཔའ་ཞིང་རང་གི་ཡུལ་འཁོར་བསྲུང༌། །གཞན་རྣམས་ཟིལ་གྱིས་གནོན་པ་མཚན་ཉིད་ཡིན། །བསྡུ་ན་རྣམ་པ་གཉིས་ཡིན་ཏེ། །འཇིག་རྟེན་དག་ལས་འདས་པ་དང༌། །མ་འདས་རྒྱལ་པོ་རྣམ་པ་གཉིས། །འདས་པ་སློབ་དང་མི་སློབ་གཉིས། །སློབ་པ་ས་བཅུར་གནས་པ་ཡིན། །མི་སློབ་སངས་རྒྱས་རྣམས་ལ་གྲགས། །ཅི་འབྱོར་འཇིག་རྟེན་ལས་རྒྱལ་ཕྱིར། །མ་འདས་རྒྱལ་པོ་བེམ་རིག་གཉིས། །རིག་པ་མི་མ་ཡིན་པ་དང༌། །མིའི་རྒྱལ་པོ་རྣམ་པ་གཉིས། །མི་མ་ཡིན་པའི་རྒྱལ་པོ་དང༌། །མདོར་ན་ལྷ་གནས་མན་ཆོད་ནས། །ཡི་དྭགས་དམྱལ་བ་ཡན་ཆད་དུ། །དབང་བྱེད་ཐམས་ཅད་རྒྱལ་པོ་ཡིན། །མིའི་རྒྱལ་པོ་ཟེར་ལགས་ཀྱང༌། །གླིང་གཞན་གསུམ་ན་སོ་སོའི་སྡེར། །དབང་བསྐུར་རྒྱལ་པོར་བཤད་པ་སྟེ། །འཛམ་གླིང་འདིའི་རྒྱལ་པོར་མང༌། །མི་རིགས་སུམ་བརྒྱ་དྲུག་ཅུ་ལ། །དབང་བྱེད་རྗེ་དང་མཚུངས་པར་བཤད། །དེ་དག་བརྗོད་ཀྱིས་མི་རྫོགས་པ། །ཡོངས་སུ་གྲགས་པའི་རྒྱལ་པོ་གསུམ། །གདུང་རྒྱུད་བསྐོས་དང་གློ་བུར་གསུམ། །གདུང་རྒྱུད་མང་པོས་བཀུར་བ་པ། །ཁ་གཅིག་འདི་ལྟར་གསུམ་དུ་འབྱེད། །བསྐལ་པ་དང་པོའི་རྒྱལ་པོ་ལྔ། །དེ་ནས་འཁོར་ལོས་སྒྱུར་རྒྱལ་བཞི། །དེ་ཡན་ཆད་ལ་གདུང་རྒྱུད་ཟེར། །མདོར་ན་མང་པོས་བཀུར་བ་ནས། །ངར་དུ་འཁོར་ལོ་ཅན་བཞི་ནས། །ཤཱཀྱ་རིགས་ཡན་ཆད་ཀུན་ཡིན་ཏེ། །སྒྲ་གཅན་འཛིན་གྱི་གདུང་ཆད་ནས། །སྲིད་པའི་སྐྱེ་རྒྱུན་ཆད་པར་བཤད།