R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
དེས་དབུ་རྒྱན་གསེར་མིག་ཏུ། ཁྱེའུ་མད་དྲི་ཆུང་བ་ལ། དེས་དུར་ཁྲོད་བསིལ་བ་ཚལ་དུ། པད་མ་འབྱུང་གནས་ལ་བཤད། གྱེ་གྱེ་རུ་ཙན་དན་གྱི་གླིང་དུ་ཡང་ཤིནྟི་གརྦས། སྲིད་པ་བེམས། འབུམ་ཏིག བདུད་མོ་བཀོལ་བྱང༌། མཁའ་ལ་སྐར་ཚོགས། སྲིད་པ་སྟོང་གི་དྲ་བ་རྣམས་བཤད་དོ། །རྫོགས་པ་ཆེན་པོ། བཀའ་ཡེ་ཤེས་གསང་རྫོགས་རྒྱུད་ལྔ་དང༌། ཟབ་མ་གཏེར་གཞུང་ཉེར་གཅིག དབང་བསྐུར་ངོ་སྤྲོད་དང་བཅས་པ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་གཡ་སྒྲ་ལ། དེས་སྦ་སྒོམ་རྡོ་རྗེ་རྒྱལ་མཚན། རིམ་པར། རབ་སྣང་ལྷའི་དབང་ཕྱུག གྲུ་མཆོག་གི་ཡེ་ཤེས། ཉང་ཤེས་རབ་འབྱུང་གནས། ཉང་རྡོ་རྗེ་སྙིང་པོ། ཉང་རི་ཁྲོད་པ་ཆེན་པོ་ཟག་མེད་ཀྱི་སྐུ་བརྙེས་པ་འདར་སྟོན་དགེ་འདུན། གཉན་ལྕགས་བྱིལ་པ། སྤ་སེ་རས་པ། རྩེ་ཕྲོམ་པར་ལྷས་པ། གླན་རྫིང་འབྲིང་བ། གླན་ཤཱཀྱ་མགོན་པོ། དབས་གྲུབ་པ་སོགས་པ་ལ་གནང་ནས་སོ་སོར་དར་ཞིང་རྒྱས་པར་མཛད་དོ། །སྙགས་ཛྙཱ་ནའི་སློབ་མ། མདོ་སྨད་པ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཐམས་ཅད་མཁྱེན་པ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་གདམས་པ་ཕྱི་སྐོར། ནང་སྐོར་གསང་སྐོར། གཟེར་ཀ་ཆེ་འབྲིང་ལ་སོགས་པ་གསུངས་ཏེ། ཟངས་ཀ་མཛོད་ཁུར། ཁ་རག་གྲུ་ཤ་རྒྱལ་བུ། ཡ་ཟི་བོན་སྟོན། གྲུ་གུ་གློག་ཆུང༌། ཀོང་རབ་མཚོ། ལྟམ་དར་མ། འཚེ་མེ་བྱང་ཆུབ་རྡོ་རྗེ། སྦ་སྒོམ་བསོད་སྙིང༌། ཁ་རག་སྒོམ་ཆུང༌། བ་རང་སྒོམ་ཆེན། མ་གཅིག་ཉང་མོ། དེས་དམ་པ་ཤཱཀ་རྒྱལ་ལ་བརྒྱུད་དོ། །ཀུན་བྱེད་རྒྱལ་པོ་མ་བུ་དགུ་སྐོར་ནི། བཻ་རོ་ཙ་ན། གཡུ་སྒྲ། གསང་སྟོན་ཡེ་ཤེས་བླ་མ། ཨ་རོ་ཡེ་ཤེས། སྦ་སངས་རྒྱས་མགོན་པོ། སྦ་རཀྵི་ཏ། ཡ་ཟི་དར་མ་ཤེས་རབ། ཉང་སྟོན་པྲ་བ། མར་པ་ཁྲོམ་རྒྱལ། དེ་ལ་སློབ་མ་བཞི། ལྷོ་བྲག་གི་མར་པ་ཤེས་རབ་འོད། གཙང་པའི་གསུམ་པ་དབང་ཚུལ། དབུས་ཀྱི་ནག་རོག་སྟོན་པ། ཇོ་མོ་སྒེག་འཕྲེང་མ་དང་བཞི། དེ་བཞི་ལ་འབྲི་མཚམས་ལུང་པ་ཅན་པ། ཤངས་པ་ནག་པོས་ཞུས་ཟེར་ཏེ་བརྟག ལང་ཚ་དར་མ་ཤེས་རབ་བསོད་ནམས། དེ་ལ་དྷ་ཚ་ཧོར་པོ། དམ་པ་ཤཱཀ་རྒྱལ་པོ། སེམས་ཕྱོགས་ཁམས་ལུགས་ཞེས་གྲགས་སོ། །སྐོར་སྟོན་ཤེས་རབ་གྲགས་པ་ལ་སྐོར་ལུགས་སུ་གྲགས། གཙང་གི་མཁས་པ་ཆོས་ཀྱི་བཟང་པོ་ལ་རོང་ལུགས་སུ་གྲགས། བྲམ་ཟེའི་ལུགས་ནི། པཎྜི་ཏ་བི་མ་ལ་དང༌། ཉང་ཏིང་ངེ་འཛིན་བཟང་པོས་བསྒྱུར། དེས་གཏེར་དུ་སྦས། འདན་མ་ལྷུན་གྱི་རྒྱལ་མཚན་གྱིས་བཏོན། དེས་ཤངས་པ་ལྕེ་ཆུང་ཡེ་ཤེས་རྒྱལ་མཚན་ལ་གདམས། དེས་ཕྱོགས་ཀུན་ཏུ་དར་རོ། །རྫོགས་ཆེན་བླ་མེད་ནི། བི་མ་ལས་ཀ་ཅོག་རྣམ་གསུམ་ལ་གདམས། ཉང་ཏིང་འཛིན་བཟང་པོས་གཏེར་དུ་སྦས། དེས་བསམ་ཡས་ཀྱི་ཞང་ཆེན་པོ་དང༌། རྗེ་བཙུན་སེང་གེ་དབང་ཕྱུག་ལ་གདམས། དེས་ལྕེ་སྒོམ་ནག་པོ། དེས་སྐལ་ལྡན་ཡོ་སོ་ལ་གདམས། བཤད་པ་དང་ཕྱག་ལེན་གྱི་ཆོས་རྣམས་རྒྱས་སོ། །དེ་ནས་སྒྲུབ་བརྒྱུད་ཀྱི་གདམས་པ་རྣམས་ནི། དམ་པ་སངས་རྒྱས་ལས་བརྒྱུད་པ། བཀའ་བབས་རྣམ་གསུམ་སྟེ། སྙིང་པོ་རྨ་སོ་ཀམ་གསུམ་དུ་གྲགས་པ་དང༌། རྗེ་བཙུན་སེང་གེ་ལས་བརྒྱུད་པ་ནས་ཞ་མ་ལྕམ་སྲིང་དང༌། ཞང་དགོན་པ་བ་ལ། གསང་སྔགས་ལམ་སྐོར་བ་དང༌། དམ་པ་རིན་པོ་ཆེ་ནས་རྒྱུད་པ། ཨ་མ་ལབ་ཀྱི་སྒྲོན་མ་ལ་ཤེར་ཕྱིན་གཅོད་ཀྱི་གདམས་པ། སྲས་རྒྱུད་བློས་ནས་ཉམས་རྒྱུད་གཉིས་ལ་སྒྲུབ་པོ་མང་དུ་བྱོན། རྗེ་བཙུན་ཆེན་པོ་མི་ལའི་ཐུགས་ཀྱི་སྲས་བཞི་ནི་གུང་ཐང་གི་རྡོ་རྗེ་གྲགས་པ། ལྕེམ་ལུང་གི་ངན་རྫོང་རས་པ། རྟ་མོའི་འབྲི་སྒོམ། མདོ་ཕྲའི་སེ་བན། ཕྲོམ་ཞུ་ཡས་ཀྱི་དར་མ་དབང་ཕྱུག་ཞི་བ་འོད། གནལ་བ་ཉི་སྒོམ་བསོད་ནམས་རིན་ཆེན། སྔགས་སྐྱེས་ལྷན་གཅིག་སྒྲོན་མེ། སྒྲུབ་པ་བ་བདུན་ནི། རས་པ་སངས་རྒྱས་སྐྱབས། རས་པ་རྩ་ཡུ་བ། རས་པ་རྡོ་རྗེ་དབང༌། གཤེན་སྒོམ་རས་པ། རོང་ཆུང་རས་པ། འཁར་ཆུང་རས་པ། གྱེན་སྒོམ་རས་པ་དང་བདུན་ནོ། །ཐུགས་ཟིན་དྲུག་ནི། དྭགས་པོ་ལྷ་རྗེ། ལིང་གོར་ཆ་རུ། འོད་སྟོང་དགེ་འདུན། སྐྱོ་སྟན་ཤག་གུ། དམ་པ་རྒྱགས་ཕུག་པ། འབྲི་ཐན་བཀྲ་ཤིས། སློབ་མ་གྲུབ་ཐོབ་ཕོ་བཅོ་བརྒྱད་བྱུང༌། གྲུབ་ཐོབ་མ་དགུ་བྱུང༌། རྗེ་བཙུན་ཆེན་པོའི་ཐུགས་སྲས་ཀྱི་དམ་པ་རྗེ་དྭགས་པོ་རིན་པོ་ཆེ་ལ།