།བྱང་ཆུབ་སེམས་པ་རྣམས་ཀྱིས་བདག་ཉིད་ཆེན་པོ་འཁོར་བྱང་ཆུབ་སེམས་དཔའ་འབུམ་གྱིས་བསྐོར་ནས། ཐེག་པ་ཆེན་པོའི་ཆོས་འཆད་པ་དང༌། ཉན་པ་དང༌། འདྲི་བ་དང༌། ཀློག་པ་དང༌། སེམས་པ་དང༌། སྒོམ་པ་དང༌། རྣམ་པར་གྲོལ་བ་བསམ་གྱིས་མི་ཁྱབ་པ་འབྱུང་བར་གཟིགས་སོ། །སྐྱེ་བོ་ཐ་མལ་པ་རྣམས་ཀྱིས་སྣང་བ་ལ་བོན་པོ་མང་པོ་དང་བཅས་པ་ཚོགས་ནས་རྒྱལ་པོ་དང་ལྷ་གཅིག་ཁྲི་བཙུན་གཉིས་གདན་གཅིག་ལ་བཞུགས་པ་དང༌། དབུ་སྐྲ་སྦྲེལ་བ་དང༌། ཤ་ཁུ་ཐུང་རེས་བྱེད་པ་དང༌། མར་ཁུའི་སྐྱུ་བརྗེ་རེས་བྱེད་པ་ལ་སོགས་པའི་སྣང་བ་བྱུང་བར་མཐོང་ངོ༌། །དེ་ནས་རྒྱལ་པོ་ཙན་དན་གྱི་སྐུ་བས་འབེན་ཚད་རེ་རིང་དུ་སྐད་ཅིག་ཀྱང་མི་འབྲལ་བར་བཞུགས་ཏེ། དེ་ལ་ལྷ་གཅིག་ཁྲི་བཙུན་གྱིས་སྙམ་པ་ན། རྒྱལ་པོ་འདི་ལྷ་དང་མིའི་སྤྱོད་ཡུལ་ལས་འདས་པ། མཚན་དང་དཔེ་བྱད་དུ་ལྡན་པ་ངོ་མཚར་བ་ཞིག་འདུག་པ་ལ་ཕོ་བྲང་གི་ཕྱིར་མི་འགྲོ་བ་ཅིས་ལན་སྙམ་ནས་འདི་འདྲི་རྒྱུ་ཡིན་པ་ལ་ངས་ནི་བོད་སྐད་མི་ཤེས། རྒྱལ་པོས་བལ་པོའི་སྐད་ནི་མི་ཤེས་པས། འདི་ཕལ་ཆེར་ཕ་རོལ་གྱིས་དམག་ཚོགས་ཀྱིས་འཇིགས་པ་ཡོད་ངེས་སྐྲག་ཡིན་ཏེ་ཡོང་བསམ་སྟེ། དེ་ལ་ཐུགས་བདེ་བའི་ཐབས་གཅིག་བྱ་སྙམ་སྟེ། རིན་པོ་ཆེ་མང་པོའི་རྐྱེན་སྦྱར་ནས་གནོད་སྦྱིན་མང་པོ་བྲན་དུ་བཀོལ་ཏེ། དམར་པོ་རིའི་མཐའི་ཁོངས་སྟག་རི་སེང་རི་རྒྱ་ཆེ་བ་ཁོངས་སུ་བཅུག སོ་ཕག་གི་ལྕགས་རི་གྱང་རིམ་སུམ་ཅུ་རྩ་གཉིས་དང་མཉམ་པའི་མཐོ་ཁྱད་ཙམ་པ་དེ་ལ་མདའ་ཡབ་དང༌། ཕ་གུ་དང༌། སྐྱེད་པ་དང༌། རྟ་བབས་དང༌། རིན་པོ་ཆེ་འབར་བ་དང༌། དྲིལ་བུ་གཡེར་ཁའི་སྒྲ་འཁྲོལ་བ་དང༌། མུ་ཏིག་གི་དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་པ། སྲིན་པོ་ལང་ཀ་མགྲིན་བཅུའི་གྲོང་ཁྱེར་དང་མཚུངས་པ། དེའི་ལྷོ་ངོས་ལྕགས་རིའི་ནང་ན་ཕོ་བྲང་སོག་པོའི་མཁར་དགུ་ཐོག་དང༌། རྒྱལ་པོའི་རྩི་མཁར་མཉམ་པ། དེ་གཉིས་ལྕགས་ཐག་གིས་འབྲེལ་ནས་དངུལ་དང་ཟངས་ཀྱི་སྦུབས་ཀྱི་སྲང་ལམ་ལ་འོག་ཏུ་དྲིལ་བུ་སྟོང་བཏགས་པ། རྒྱལ་པོ་དང་བཙུན་མོ་གཉིས་ཕར་གཤེགས་ཚུར་གཤེགས་པ་ལ་སིལ་སྙན་གྱི་སྒྲ་འབྱུང་བ་ལ་ཕན་ཚུན་རྒྱུ་བ། རྩེ་མོ་ལ་ན་བུན་འཐུལ་བ། ནམ་ཕྱེད་ལ་ཆར་ཟིམ་ཟིམ་འབབ་པ། སྒོ་རྣམས་རང་བཞིན་དམ་པར་བྱེད་པ། ལྕགས་རིའི་ནང་ན་གྲོང་ཁྱེར་ཆེན་པོ་ཡོད་པ་དེ་ལ་མཁར་དགུ་བརྒྱ་དགུ་བཅུ་གོ་དགུ་རྩེ་མོ་ཉག་དང་སྟོང༌། རྩེ་མོ་རྣམས་ཉག་ཐག་གིས་སྦྲེལ་བ། མཁར་རེ་ལ་མདུང་བ་དན་དམར་པོ་ཅན་སྐེད་པ་ཁྲ་བོ་སྟོང་བཙུགས་པ། ཕྱོགས་བཞི་ན་སྒོ་སྤེ་བཞིས་བསྲུངས་པ། གཙོ་འཁོར་ལ་བྱ་ར་བ་མི་ལྔས་བསྲུངས་པ། ཕ་རོལ་གྱི་དམག་གི་འཇིགས་པས་མི་ཚུགས་པ། མཐོང་ན་འཇིགས་པ་དང་སྐྲག་པའི་ཕོ་བྲང་དེ་ལྟ་བུ་ཞིག་བརྩིགས་སོ། །དེའི་དཔེ་ར་སའི་འཕྲུལ་སྣང་གི་ཀླུ་ཁང་གི་ལོགས་ལ་བྲིས་ཡོད་དོ། །ཤར་ཕྱོགས་ཀྱི་འོད་ཀྱིས་གསལ་བར་བྱས་པའི་ལྷ་གཅིག་སྤྱན་དྲངས་བར་བྱ་བ་ནི། བློན་པོ་ཆེན་པོ་མགར་གྱིས་རྒྱལ་པོ་ལ་ཞུས་པ། རྗེ་ལགས། རྒྱལ་ནག་པོའི་ཡུལ་གྱི་ལྷ་གཅིག་སྔོན་མོ་དེ་བདག་གིས་སྤྱན་འདྲེན་པར་ཞུ་ཞུས་པས། རྒྱལ་པོའི་ཞལ་ནས་ཁྱེད་རྒྱ་ནག་པོའི་ལྷ་གཅིག་སྔོན་མོ་དེ་སྤྱན་འདྲེན་ན་ངའི་དྲུང་དུ་ཤོག་ཅིག་ཐབས་བསླབས་ཏེ་གཏོང་ངོ་གསུངས་ནས། དེ་ནས་རྟ་པ་བརྒྱ་ཐམ་པ་འགྲོ་བར་ཆས་པ་དང༌། བློན་པོ་ཆེན་པོ་མགར་སྟོང་བཙན་ཡུལ་བཟུང་གིས་རྒྱལ་པོའི་དྲུང་དུ་ཕྱིན་པ་དང༌། རྒྱལ་པོས་གསེར་གྱི་བང་བ་བདུན་ཞུ་རྟེན་དུ་བསྐུར། དོང་རྩེ་བདུན་ཕྱག་རྟེན་དུ་བསྐུར། རིན་པོ་ཆེ་བཻཌཱུརྱ་སྔོན་པོའི་རྨོག་ལ་པད་མ་ར་གའི་ཕོད་བཙུགས་པ། དེ་གོན་ན་ལྷ་དང་ལྷ་མ་ཡིན་འཐབ་པའི་གཡུལ་དུ་ཞུགས་ཀྱང་རིན་པོ་ཆེའི་མཚོན་ཆ་འཁོར་ལོ་དམ་བཅའ་བཞི་ལྡན་པས་བརྒྱབ་ཀྱང་མི་འཕོག རྒྱལ་པོའི་དབང་བསྐུར་བའི་པྲོག་ཞུ་ཡོན་ཏན་དང་ལྡན་པ་ཡིན་པས་ལྷ་གཅིག་གི་རིན་དུ་བྱེད། རིན་པོ་ཆེ་མན་ཤེལ་མདོག་གསལ་བ་མདངས་དང་ལྡན་པ་ཉིན་མོ་བས་ནུབ་མོ་འོད་གསལ་བ་གྲོང་ཁྱེར་གྱི་སྒྲོན་མེ་བྱེད་པ་དང་ལྷ་གཅིག་གི་ཕྱག་རྟེན་དུ་ཆུ་ཤེལ་བསྐུར་རོ། །འདི་རྣམས་རྒྱལ་པོ་དངོས་ལ་ཕུལ་ལ་ཞུ་བ་གྱིས་ཤིག་ཅེས་གསུངས་སོ། །བཀའ་ཤོག་སྒྲོམ་བུ་ལྔ་གཏད་ནས་རྒྱལ་པོ་དེས་ཁྱོད་ལ་བཀའ་ལུང་མི་འཐད་པ་གསུང་དུ་འོང་གི་དེའི་དུས་བཀའ་ཤོག་སྒྲོམ་བུ་འདི་རྣམས་རིམ་པ་བཞིན་དུ་ཕུལ་ལ་འདི་ལྟར་གྱིས་བྱ་བའི་ཞལ་ཏ་བསླབས་བཏང་ངོ༌།