།གླུ་དང༌། མཆོད་ཚིག་དང༌། སྙན་ངག་དང༌། སྡེབ་སྦྱོར་དང༌། བཞད་གད་དང༌། རྩེ་མོ་དང༌། ཁ་བཙེག་དང༌། གྱད་སྟོབས་འགྲན་པ་ལ་སོགས་རྒྱ་ནག་པོའི་སྤྱོད་པ་དང་མི་མཐུན་པ་ཡང་བསླབས་ཏེ་བཏང་ངོ༌། །མར་ལམ་དང་ཡར་ལམ། ཇོ་མོ་སྒྲོལ་མའི་མཚན་ནས་བརྗོད་ལ་སོང་ཞིག བྱ་ཁྭ་ཏའི་སྐད་ཀྱིས་མ་ནོན་པ་ལ་སོང་ཞིག་གསུངས་སོ། །རྒྱལ་པོ་དང་ཁྲོམས་གྱེས། དུས་དེའི་ཚེ་བློན་པོ་ཆེན་པོ་མགར་གྱིས་མགོ་བྱས་སྙེ་བོ་རྟ་པ་བརྒྱ་ཐམ་པ་རྒྱལ་པོ་རྒྱ་རྗེ་བཙན་པོའི་ཕོ་བྲང་དུ་ལྷགས་སོ། །དུས་མཉམ་དུ་སྟག་གཟིག་ནོར་གྱི་རྒྱལ་པོ་དང༌། ཁྲོམ་གེ་སར་དམག་གི་རྒྱལ་པོ་དང༌། རྒྱ་གར་ཆོས་ཀྱི་རྒྱལ་པོ་དང༌། བོད་ཀྱི་རྟ་པ་བརྒྱ་པོ་ཐམས་ཅད་འཛོམས་སོ། །དེ་ནས་སོ་སོའི་མཇལ་བའི་ཕྱག་རྟེན་རྣམས་ཕུལ་ནས་བོད་ཀྱི་བློན་པོས་རྒྱ་ནག་གི་བློན་པོ་ལ་གསེར་གྱི་བང་བ་བསྐུར་ནས། ངེད་བོད་ཀྱི་རྒྱལ་པོའི་བློན་པོ་ཡིན་པས། རྗེ་ལྷ་གཅིག་དང་མཇལ་བའི་ཞུ་འཕྲིན་བཀའ་ཤོག་སྒྲོམ་བུ་དང་བཅས་པ་ཡང་ཡོད་ཅེས་པས། ཁོང་བློན་པོ་གཞན་པས་དམའ་བར་བྱས་ནས་རྒྱལ་པོ་དང་ཞག་བདུན་དུ་མ་མཇལ་ལོ། །དེ་ནས་མཇལ་བའི་ཚེ་བློན་པོ་མགར་གྱིས་སྣ་དྲངས་པའི་བློན་པོ་རྣམས་ཀྱིས་ཕྱག་གྲལ་བྱས། བློན་པོ་མགར་གྱིས་དོང་རྩེ་བདུན་ཕྱག་རྟེན་དུ་ཕུལ། རྒྱལ་པོ་ལ་ཕྱག་དང་ཞེ་ས་དང་རྫོགས་པར་ཕུལ་ཏེ་རྒྱལ་པོའི་མདུན་དུ་བཻཌཱུརྱའི་རྨོག་བཞག་སྟེ། ལོ་ཙཱ་བ་བར་དུ་བཅུག་ནས་ཞུས་པ། རྗེ་ལགས། བདག་ཅག་མཐའ་འཁོབ་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ལགས། རིན་པོ་ཆེ་བཻཌཱུརྱའི་རྨོག་འདི་གོན་ནས་གཡུལ་དུ་ཞུགས་ན་གཡུལ་ལས་རྣམ་པར་རྒྱལ་བར་འགྱུར། ནད་ཡམས་བྱུང་པའི་ཚེ་ན་འདི་གོན་ནས་གྲོང་ཁྱེར་གྱི་མཐའ་བསྐོར་ན་ནད་ཡམས་ཆད་ནུས། ལོ་ཉེས་ཀྱིས་དོགས་པའི་ཚེ་ཡང་འདི་གོན་ནས་ཞིང་མཐའ་བསྐོར་ན་ལོ་ལེགས་པར་འོང༌། ངོ་མཚར་བས་འཛམ་བུའི་གླིང་ན་རིན་ཐང་གཞལ་དུ་མེད་པ་འདི་རྗེ་ལ་འབུལ་བར་བགྱི། ནོར་བུ་ཆུ་ཤེལ་འདི་ཡང་ལྷ་གཅིག་གི་རིན་དུ་འབུལ། ལྷ་གཅིག་འཕྲུལ་གྱི་ཀོང་ཇོ་བདག་ཅག་མཐའ་འཁོབ་ཀྱི་རྒྱལ་པོའི་བཙུན་མོར་གནང་བར་ཞུ་ཞུས་པ་ལ། རྒྱལ་པོ་འཁོར་དང་བཅས་པ་བཞད་གད་བྱེད་དོ། །དེར་རྒྱལ་པོ་ན་རེ། ཁྱེད་མཐའ་འཁོབ་ཀྱི་རྒྱལ་པོ་སྤོབས་པ་རེ་མཐོ། ང་སངས་རྒྱས་འོད་སྲུངས་ནས་རྒྱལ་པོའི་རྒྱུད་པ་རྒྱུན་མ་ཆད་པ་ཡིན་ལ། ང་ལ་ཆོས་ཁྲིམས་དར་གྱི་མདུན་པ་འདྲ་བ་ཡང་ཡོད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འདྲ་བ་ཡང་ང་ལ་ཡོད། ཁྱེད་ངའི་གཉེན་ཟླ་མ་ཡིན། འོན་ཀྱང་ས་ཐག་རིང་པོ་ནས་ཡོང་ཟིན་པ་ཡར་སོང་ལ་ཁྱེད་རང་གིས་རྒྱལ་པོ་ལ་དྲིས། རྒྱལ་པོ་བྱ་བ་ལ་ཆོས་དགེ་བ་བཅུའི་ཁྲིམས་དགོས་པ་ཡིན། ཁྱོད་བོད་ལ་ཁྲིམས་མེད་པས་བོད་ཀྱིས་ཆོས་དགེ་བ་བཅུའི་ཁྲིམས་བཅའ་ནུས་སམ། དེ་འཆའ་འདོད་ན་ལྷ་གཅིག་སྦྱིན། མི་ནུས་ན་མི་སྟེར་བས་དྲིས་ལས་ཤོག་གསུངས་པས། སླར་ཡང་བློན་པོས་ཕྱག་བྱས། རྗེ་ལྷ་གཅིག་ལགས། ངེད་འཕྲིན་རེ་རེ་ལ་རྒྱ་ནག་དང་བོད་ལ་ཡར་འགྲོ་མར་འགྲོ་བྱས་ན་ལྷ་གཅིག་སྤྱན་འདྲེན་པའི་དུས་མི་འོང༌། ངེད་ཅག་གི་རྒྱལ་པོས་བཀའ་ཤོག་སྒྲོམ་བུ་འདི་བསྐུར་བ་ལགས། འདི་གཟིགས་སུ་གསོལ་ཞེས་བཀའ་ཤོག་སྒྲོམ་བུ་ཕྱག་ཏུ་ཕུལ་ལོ། །རྒྱལ་པོས་ཁ་ཕྱེ་ནས་གཟིགས་པས། རྒྱ་ནག་སྟོང་འཁུན་གྱི་ཡི་གེ་མཐིང་ཤོག་ལ་གསེར་གྱིས་བྲིས་ནས། མཐའ་འཁོབ་ཀྱི་རྒྱལ་པོ་སྲོང་བཙན་སྒོམ་པོས། རྒྱལ་ནག་རྒྱལ་པོ་སེང་གེ་བཙན་པ་ལ་བཀའ་བསྩལ་པ། ལྷ་གཅིག་བཙུན་མོ་ཀོང་ཇོ་འདི་ངའི་བཙུན་མོར་ཕུལ་ཞིག ཁྱེད་ངེད་ལ་ཁྲིམས་མེད་པ་ལ་སྙད་བྱེད་ན། ངས་སྤྲུལ་པའི་མི་མང་པོ་སྤྲུལ་ནས་བོད་ཡུལ་དུ་ཆོས་དགེ་བ་བཅུ་ལ་བརྟེན་པའི་ཁྲིམས་ཉི་མ་གཅིག་ལ་བཅའ་བར་བྱ་ཡི་དེ་ལྟར་བྱས་ཀྱང་ལྷ་གཅིག་མི་སྟེར་ན་ངས་དམག་དཔག་ཏུ་མཻད་པ་སྤྲུལ་ལ་ཁྱེད་ཀྱི་རྒྱལ་ཁམས་ཐམས་ཅད་འཇོམས་པར་འགྱུར་རོ་བྱ་བའི་ཡི་གེ་འདུག་ནས། རྒྱ་ནག་རྒྱལ་པོ་སྐྲག་ཅིང་དངས་ཏེ་འོན་ཀྱང་རྒྱལ་པོ་ཐུགས་ཟབ་པས་ད་དུང་བློན་པོ་ལ། ཁྱེད་ཀྱི་རྒྱལ་པོས་ངེད་ལ་སྡིགས་རེ་གཏོང་བར་འདུག་སྟེ་དེས་མི་ཕན། རྒྱལ་པོ་ཡོད་པའི་དུས་ན་ཆོས་དར་དགོས་པས་དེ་ལ་དཀོན་མཆོག་གསུམ་གྱི་རྟེན་དགོས།