R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 2
[A:2] ༄༅ བླ་མ་རྗེ་བཙུན་པ་དང་དཔལ་རྡོ་རྗེ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། དུས་ཐམས་ཅད་དུ་ཐུགས་རྗེ་ཆེན་པོས་རྗེས་སུ་གཟུང་ནས། སྐྱབ་ཅིང་བྱིན་གྱིས་བརླབ་ཏུ་གསོལ་ལོ། བདག་ཅག་གི་འདྲེན་པ་དཔལ་ལྡན་བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རིན་པོ་ཆེ། རྗེ་བཙུན་ཆོས་ཀྱི་རྗེ་དགེ་སྦྱོང་ཆེན་པོ་ཞེས་མཚན་ཡོངས་སུུ་གྲགས་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་ནི། བདེ་བར་གཤེགས་པའི་བཀའ་ཡིས་ལུང་བསྟན་ཞིང་། འགྲོ་བའི་མགོན་པོ་ཉིད་ཀྱིས་ཞལ་བཞེས་ལྟར། ཉིད་ཀྱི་བསྟན་རྒྱུན་འཕྲིན་ལས་རྒྱས་འགྱུར་སླད། སྙིགས་མའི་དུས་སུ་ཐུགས་རྗེའི་སྤྲུལ་པ་བསྟན། ཐོག་མར་བཅོམ་ལྡན་འདས་བདེ་བར་གཤེགས་པ་ཤཀྱའི་རྒྱལ་པོའི་བཀའ་ཡིས། འཇམ་དཔལ་རྩ་བའི་རྒྱུད་དུ་ལུང་བསྟན་པ། སྡོམ་བརྩོན་ཐམས་ཅད་བསྒྲང་པ་ཡང་། སྟོན་པའི་བསྟན་པ་གསལ་བྱེད་པའོ། བསྟན་པ་དེ་ཚེ་ས་སྟེང་དུ། རྣམ་པར་ཉམས་ཤིང་སྣང་མེད་ལ། སྟོན་པའི་གཟུགས་བརྙན་ཡིད་དུ་འོང་།།