R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༡བ
[A:༥༡བ] བླ་མ་མཚན་གསང་བ་སྟེ་མ་ཏཾ་གི་པ་སྤྱིལ་པོ་ན་བཞུགས་པ་དང་མཇལ་ཏེ། ཀླུ་སྒྲུབ་གང་ན་ཡོད་དྲིས་པས། སློབ་དཔོན་དྲི་ཟའི་ཡུལ་དུ་ཆོས་སྟོན་དུ་བྱོན་གསུངས། ཁྱོད་རྗེས་སུ་འཛིན་པར་ང་བཏང་པ་ཡིན་གསུངས་པ་དང་། དེར་ཏཻ་ལོ་པས་མཎྜལ་ཕུལ་རྗེས་སུ་འཛིན་པར་ཞུ་ཞེས་ཞུས་པས། དཔལ་གསང་པ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར། སེམས་ཀྱི་དེ་ཁོ་ན་ཉིད་ངོ་སྤྲད་ནས་མ་བརྗེད་པར་སྒོམས་ཤིག་གསུངས། དེ་ནས་ད་ཁྱོད་ཤར་ཕྱོགས་བྷཾ་ག་ལའི་རྒྱུད་ཧ་རི་ཀ་ལ་ཞེས་བྱ་བར་ཟ་ཧོར་གྱི་གྲོང་ཁྱེར་ཡོད་པས། དེ་ཉིད་སྤྲུལ་པའི་རྒྱལ་པོ་ཨུད་མ་སྐྱེ་ཞེས་བྱ་བས་བྱིན་གྱིས་བརླབས་པས་བསྒྲུབ་ཐག་ཉེ་བའི་གནས་ཡིན་པས་དེར་སོང་ལ། གྲོང་ཁྱེར་དེའི་དབུས་ན་པཉྩ་པ་ཏ་ན་ཞེས་པའི་ཚོང་འདུས་ཡོད། དེ་ནས་བྷ་རི་སྨད་འཚོང་མ་འཁོར་མང་པོ་དང་བཅས་པ་ཡོད་པས། དེའི་གཡོག་གྱིས་ལ་ལམ་གྱི་རྟོགས་པ་སྦྱོངས་ཤིག རིང་པོ་མི་ཐོགས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་འགྲོ་བ་མང་པོའི་དོན་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་ཏཻ་ལོ་པས་དེ་བཞིན་མཛད་པས་གྲུབ་པ་བརྙེས་ནས་ནམ་མཁའ་ལ་རང་དགར་བཞུགས་པ་ལ་སོགས་པའི་རྫུ་འཕྲུལ་མང་དུ་བསྟན་པས། མི་རྣམས་ངོ་མཚར་སྐྱེས། བྷ་རི་མོས་གཡོག་ཏུ་བཀོལ་བ་ལ་འགྱོད་པ་སྐྱེས་ཏེ་ཕྱག་ཕུལ་རྗེས་སུ་གཟུང་བར་ཞུ་ཞུས་ཏེ། མོའི་རྒྱུད་བྱིན་གྱིས་བརླབས་པས་དེས་ཀྱང་གྲུབ་པ་ཐོབ་བོ། །ཚུལ་དེ་རྒྱལ་པོས་ཐོས་ནས་ངོ་མཚར་སྐྱེས་ཏེ། རྒྱལ་པོ་འཁོར་བཅས་སློབ་དཔོན་གྱི་ཞལ་བལྟ་བར་འོངས་པ་ལ། སློབ་དཔོན་གྱིས་ནམ་མཁར་བཞུགས་ནས་ཏིལ་མར་གྱི་དཔེས་མཚོན་པའི་།