R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢ན
[A:༥༢ན] གདམས་པ་ཟབ་མོ་གསུངས་པས། རྒྱལ་པོ་འཁོར་བཅས་གྲུབ་པ་ཐོབ་སྟེ་མཁའ་སྤྱོད་དུ་བཞུད་པས་རེ་ཞིག་ཡུལ་ཕྱོགས་དེ་སྟོང་པར་གྱུར་ཏོ། །དེ་ལྟ་བུའི་སློབ་དཔོན་དེས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་ཆོས་དངོས་སུ་ཉན་ནུས། འོག་མིན་དུ་རྡོ་རྗེ་འཆང་ཆེན་པོ་ལས་ཀྱང་དངོས་སུ་གདམས་པ་ནོད་པ་ཡིན་ལ། དེ་དག་ཀྱང་དག་པའི་སྣང་བ་ཁོ་ནས་མཇལ་བ་ཡིན་ཏེ། གྲུབ་ཆེན་ཉིད་ཀྱི་གསུང་ལས། ངས་ནི་སངས་རྒྱས་སྟོང་དག་ལ། །བསྙེན་བཀུར་ཡང་དག་ངས་ཀྱང་བྱས། །ས་རབ་དགའ་བ་ངས་ཀྱང་ཐོབ། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །ཀླུ་སྒྲུབ་ཨཱརྻ་དེ་ཝ་དང་། །བཅོམ་ལྡན་འདས་དང་ངས་གཏམ་བྱས། །ང་རང་བདེ་བ་ཅན་དུ་འགྲོ། །ཞེས་ཀྱང་གསུངས་པ་ཡིན་ནོ། །དེ་ནས་མཐར་མཁའ་སྤྱོད་དུ་གཤེགས་སོ། །དེ་ཉིད་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་ནི་ཇོ་བོ་ནཱ་རོ་ཏ་པ་སྟེ། འདི་ནི་ཡུལ་ཁ་ཆེ་བ་ཡིན་པ་ལས། དུར་ཁྲོད་ཆེན་པོ་གཅིག་ཏུ་ཕྱིན་ནས་བདེ་མཆོག་ཡི་གེ་བདུན་པའི་བསྟེན་པ་ཐོན་ཙམ་ན་ས་གཡོས་ཆེན་པོ་བྱུང་བ་ན། རེ་ཞིག་ནས་རྣལ་འབྱོར་མ་སྔོན་མོ་གཉིས་བྱུང་ནས། ཁྱོད་ཤར་ཕྱོགས་པ་ཏཻ་ལོ་པའི་རིགས་ཡིན་པས་ཤར་ཕྱོགས་སུ་སོང་ཞིག་ཟེར། ཁྱེད་སུ་ཡིན་དྲིས་པས། སློབ་དཔོན་ཀླུའི་སྲིང་མོ་ཡིན་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་གང་ན་བཞུགས་ཀྱང་འདྲི་མ་ནུས་སྙམ་འགྱོད་བཞིན་པས་ཤར་ཕྱོགས་སུ་ཕྱིན་པས། གན་དྷ་བུ་རིའི་གཙུག་ལག་ཁང་དུ་རྣལ་འབྱོར་པ་རས་ནག་པོའི་ཨངྒ་རག་གོན་པ། མིག་རྩ་དམར་ཞིང་། སོ་དུང་སོ་འཁོར་མར་ཡོད་པ། དར་དམར་པོའི་ཅོད་པན་བཅིངས་།