R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༢བ
[A:༦༢བ] ཚད་མ་རིག་པ་ལ་མཁས་པ་ཞིག་དགོས་པས་ཚད་མ་སློབས་གསུངས་པ་ལ། ཁོང་པའི་ཐུགས་དགོངས་ལ། ངས་ཚད་མ་ཁོ་ནར་མ་ཟད་དབུས་གཙང་གི་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་དྲུང་དུ་ཕྱིན་ལ་ཡོན་ཏན་ཕྱོགས་མེད་དུ་ཤེས་པ་ཞིག་བྱ། དེ་ལ་བརྒྱགས་ཕྱེ་ཁུར་ནས་ཕྱིན་ཀྱང་ཐེག་པ་ཡང་དཀའ། ཐེག་ནའང་ད་ལྟ་འཁུར་རྒྱུ་ཡང་ཆེར་མེད་པས། དེ་བས་བརྒྱགས་ཕྱེ་ལག་ལས་འཛག་པ་ཞིག་བྱ་དགོས་དགོངས་ནས། སྙེམས་སུ་དཔོན་བལ་པོ་དགེ་འདུན་ཅན་དུ་བྱོན། ཁོང་ལ་ཕྱག་འཚལ་དར་ཕུལ་ནས། བདག་ལ་རི་མོ་བསླབ་དགོས་བྱས་པས། ཁོང་གིས་ཆང་བཙགས་དང་གང་ཁྱེར་བྱུང་བ་ན། བདག་ཆང་མི་འཐུང་བྱས་པས། ཁྱེད་སྙིང་ནས་རང་མི་འཐུང་བ་ཡིན་ནམ་ཟེར། ཞེ་ནས་མི་འཐུང་བ་ལགས་བྱས་པས། ཇ་བསྐོལ་ནས་དྲངས། གཞན་ཡང་བསྙེན་བཀུར་བཟང་པོ་ཞིག་མཛད་ནས། སྟོན་པ་ཁྱེད་ཚུགས་ཀ་བཟང་བ་འདི་བཞིན་བྱེད་པ་ངོ་མཚར་ཆེ། ཚུལ་འདི་བཞིན་བྱེད་པ་ལ་རི་མོ་མ་བསླབས་པ་དྲག ཡོན་ཏན་འདི་མཐའ་ངན་པ་ཞིག་འདུག་པས། ལྟོགས་རིར་ཤི་བ་གང་བྱས་ཀྱང་མི་སྲིད་གསུང་ནན་ཆེན་པོས་ལྡོག་ཀྱང་། བདག་ལ་མནོ་དགོངས་འདི་འདྲ་ཞིག་བདོག་པས་ཅིས་ཀྱང་སློབ་དགོས་ཞུས་པས། དཔོན་གྱིས་ཀྱང་། ཁོང་གི་གུས་པའི་སྤྱོད་ལམ། དོན་གཉེར་གྱི་འདུན་པ། འབད་པའི་ནན་ཏན་རྣམས་ལ་བློ་མགུ་ནས། མན་ངག་ཡོངས་སུ་རྫོགས་པ་གནང་སྟེ། ལོ་གཅིག་ལ་རི་མོ་ནན་ལྟར་ལེགས་པ་ཞིག་མཁྱེན་ནས། དགུང་ལོ་ཉི་ཤུ་བཞེས་པའི་ཚེ། བླ་མ་ཆོས་སྐུ་བའི་དྲུང་དུ་རིམ་ལྔའི་སྨར་ཁྲིད་ཞུས་ནས་