R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༣ན
[A:༦༣ན] བསྒོམས་པས་ཉམས་རྟགས་ཁྱད་པར་ཅན་འཁྲུངས། དེ་ནས་གསང་འདུས་རྔོག་ལུགས་དང་། མར་ལུགས་གཉིས་ཀའི་བཤད་བཀའ་དང་། དུས་འཁོར་འབྲོ་ལུགས་ཀྱི་བཤད་པ་རྣམས་གསན་ཞིང་། གཙོ་ཆེར་གསང་འདུས་རྔོག་ལུགས་ལ་སྦྱངས་ནས། དགུང་ལོ་ཉེར་གསུམ་པ་ལ་གསང་འདུས་ལ་བཤད་པ་མཛད། དེ་ནས་བླ་མ་འདི་དང་རས་པ་ནམ་མཁའ་རྡོ་རྗེ་བྱ་བ་གཉིས་ཀྱིས་འགྲན་ནས་ཡོ་ག་ལ་ཐུགས་སྦྱོང་མཛད་ཅིང་། དེ་དག་གི་བར་ལ་རྡོ་རྗེ་འབྱུང་བའི་དབང་བཀའ་དང་བཤད་བཀའ། དེ་ཉིད་སྣང་བའི་སྟོད་འགྲེལ་གྱི་དབང་བཀའ་བཤད་བཀའ། དཔལ་མཆོག་སྟོད་འགྲེལ་གྱི་རིགས་བསྡུས་དང་། རྡོ་རྗེ་སེམས་དཔའི་དབང་བཀའ་བཤད་བཀའ། དཔལ་མཆོག་ཧོར་གོང་ཅན། འཇམ་དཔལ་འགྲེལ་ཆེན་གྱི་དབང་བཀའ་དང་བཤད་བཀའ། འཇམ་དཔལ་གསང་ལྡན་གྱི་དབང་བཀའ་དང་བཤད་བཀའ་མན་ངག་གི་བཀའ། འཇམ་དཔལ་འགྲེལ་ཆུང་གི་དབང་དང་བཤད་བཀའ་མན་ངག་གི་བཀའ། བྲམ་ཟེ་སྡོམ་བཟང་ནས་བརྒྱུད་པའི་འཇམ་དཔལ་ཟབ་དོན་དུ་གྲགས་པའི་དབང་བཀའ་སོགས་དང་། མར་རྔོག་གི་ལུགས་ཀྱི་གུར་བརྟག་པ་གསུམ་མན་ངག་དང་བཅས་པ་དང་། དཔྱལ་ལུགས་ཀྱི་གུར་བརྟག་སམ་གསུམ། འགོས་ཀྱི་རྡོ་རྗེ་གདན་གཞིའི་དབང་འགྲེལ་བཅས། གསེར་སྡིངས་པས་མཛད་པའི་ཐེག་བསྡུས། དེའི་ཁྲིད་ལྟ་སྒོམ་སྤྱོད་འབྲས། དེ་དག་གི་རྒྱབ་རྟེན་དུ་གྱུར་པའི་མདོ་དང་། རྒྱུད་རྒྱ་གཞུང་ཕལ་ཆེ་བ་ཞུས། གཞན་ཡང་གྱེ་རེ་ལྷ་ཁང་པ་ནས་བརྒྱུད་པའི་གསང་འདུས་ཡེ་ཤེས་ཞབས་ལུགས་