R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༢ན
[A:༦༢ན] ནས་མ་སོས་པར། འདི་ཉིད་བླ་མ་ཇོ་འཚོ་བ་བྱ་བ་ཞིག་གིས་བུ་མོའི་ཆ་ལུགས་སུ་བསྒྱུར། བུ་མོའི་མིང་བཏགས་ནས་གསོས་ཏེ། ཅུང་ཟད་ཆེར་སྐྱེས་པ་ན་འབྲི་ཀློག་བསླབས་ནས། དཔོན་སྤེ་གསར་དཔལ་འབུམ་བྱ་བའི་དྲུང་དུ་ཡི་གེ་མཁས་པ་ཕུལ་དུ་ཕྱིན་པ་སྦྱངས། དེ་ནས་ལན་ཅིག་བྱིས་པ་མང་པོ་ཕྱུགས་འཚོ་བའི་གྲལ་ལ་བྱོན་པའི་སྐབས་སུ་ཉལ་ནས་བཞུགས་པ་ན་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་བརྙན་དཔག་ཏུ་མེད་པ་གཟིགས་ཏེ། དེའི་རྐྱེན་གྱིས་རླུང་སེམས་དབུ་མར་ཆུད་པར་ཡང་གྲགས་ཤིང་། དེ་ནས་ཡབ་འདས་པའི་ཚེ་མ་ན་རེ། ཁྱོད་མི་ཆོས་ལ་སྤྲོ་ན་ས་ཟིན་སྔ་བར་བྱེད། དེ་མིན་ན་མི་གཅིག་པོ་ཆོས་ཀྱི་རྒྱུ་བྱ་བ་ཡིན་པས། ཇི་ལྟར་ལེགས་བསམ་མནོ་ཐོངས། བཙུན་པ་བྱས་ཕྱིན་ཆད་ནས་ཆོས་མགོ་ཐོན་པ་ཞིག་དགོས་ཟེར་བ་ན། མི་ཆོས་དང་འཁོར་བའི་ཉེས་དམིགས་རིག་ནས་རབ་ཏུ་བྱུང་བར་ཞལ་གྱིས་བཞེས་ནས། དགུང་ལོ་བཅོ་ལྔ་ལོན་པར་ཉེ་བའི་ཚེ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ་མཁན་པོ་དང་། འཇམ་གསར་དབོན་པོ་འཇམ་དཔལ་ལ་སློབ་དཔོན་ཞུས་ནས་རབ་བྱུང་མཛད་དེ་མཚན་ཡང་འཕགས་པའི་འོད་དུ་བཏགས། དེ་ནས་དགྱེས་རྡོར་གྱི་རྒྱུད་བརྟག་གཉིས་དང་། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལ་གསན་སྦྱོང་མཛད་ནས། དགུང་ལོ་བཅུ་དྲུག་པ་ལ་བརྟག་གཉིས་དང་། བཅོ་བརྒྱད་པ་ལ་ཕར་ཕྱིན་བཤད་པས། བླ་མ་ཆོས་སྐུ་བ་མཉེས་ནས། ད་ཁྱོད་རང་ཆོས་དང་ཆོས་མ་ཡིན་པ་དང་། རིགས་པ་དང་མི་རིགས་པའི་རྣམ་དབྱེ་ཚུལ་བཞིན་དུ་འབྱེད་ཤེས་པ་ལ།