R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༧བ
[A:༦༧བ] དེ་ནས་ཆོས་ཐོག་ཕྱི་མ་ལ་དེ་རྣམས་མཐུན་མི་མཐུན་བལྟས། ཟིན་ཐུན་བྲིས། དཔེ་ཆུང་དགོས་པ་ཐམས་ཅད་ཞིབ་པར་བཀོད། ཕྱག་ལེན་དང་བཀག་འགོག་ཐམས་ཅད། ཐ་ན་རྡོར་དྲིལ་འཇོག་ལུགས་དང་། ཕྲེང་བ་འཁྱེར་ལུགས་ཚུན་ཆད་ལ་དྲི་གཏུགས་ཞིབ་པར་མཛད་པས། བླ་མའི་གསུང་གིས། ཁྱེད་འཕགས་རྒོད་ཡག་མ་བྱ་བ་རྩ་བ་ལུམ་བུ་བཞིན་མ་བཅད་པར་ཡེ་མི་ཉན་པའི་མི་ཡིན་པས་དྲིས་ཤིག་གསུངས་ནས་ལན་ལེགས་པར་བཏབ། ཆོས་རྡོ་རུས་ཐུག་པ་ཞིག་བྱེད་ན་དྲི་བ་དེ་ལྟ་བུ་ཞིག་དགོས་པ་ཡིན། གཞན་ང་རང་ལས་མཁས་པ་དཀའ། ངའི་རྩར་ཡོང་གིན་ཡོད་པ་ཡིན་ནམ། དྲི་བ་དེ་ལྟ་བུ་བྱེད་པ་ཡེ་རང་མ་བྱུང་གསུངས་ཤིང་ཐུགས་མཉེས་ཚོར་ཆེན་པོ་མཛད། དེ་ནས་ཤམྦྷ་ལར། ཁྲོ་དགོན། ཤ་ར་དགོན། གནམ་རྩེ་ལྡེང་། གནས་མོ་ཆེ་ལ་སོགས་གང་བཞུད་པར་ཕྱག་ཕྱིར་འབྲངས་ནས། རྒྱུད་འགྲེལ་མན་ངག་དང་བཅས་པ་ཞུ་ཐུག་མཛད། དེ་ནས་ཁྲིད་ཞུས་ནས་ཕྱག་བཞེས་ཀྱི་སྲོལ་ཇི་ལྟ་བ་བཞིན་བསྒོམས་པས་ཉམས་རྟོགས་ལའང་བོགས་ཐོན་པ་བྱུང་གསུངས། དེར་དབང་མདོར་བསྟན་སོགས་དུས་འཁོར་གྱི་གཞུང་ཕྲན་འགྲེལ་པ་སྐོར་གསུམ། ན་རོ་འགྲེལ་ཆེན་དེའི་མན་ངག་སྒྲོམ་ལྡེ་རྩ་འགྲེལ། རྭ་ལུགས་ཀྱི་སྦྱོར་དྲུག བླ་མ་ཤེས་རབ་སེང་གེ་བས་མཛད་པའི་སྦྱོར་དྲུག་གི་ཡིག་ཆ། འབྲོ་ལུགས་པའི་ཁྲིད་སྐོར། ཡུ་མོའི་ཡིག་ཆ་མདུད་འགྲོལ་དང་བཅས་པ། སྟོན་ཐུན། མན་ལུང་པའི་སྦྱོར་དྲུག ཤ་བ་རིའི་སྦྱོར་དྲུག མན་ངག་སྙེ་མ། མཚན་བརྗོད་འགྲེལ་པ། རྭ་ལུགས་ཀྱི་ནག་འཇིགས་སྐོར་གསུམ། སྔོན་འབྱུང་རྣམ་གསུམ། ལྷ་མོ་རྣམ་གསུམ། མི་གཡོ་བ་རྣལ་འབྱོར་ཆེན་པོ་བླ་མེད། གཟུངས་གྲྭ་ལྔ། འོད་ཟེར་ཅན། སྒྲུབ་ཐབས་རྒྱ་མཚོ་ལ་སོགས་པ་མང་དུ་གསན་ཞིང་། ཕྱིས་དུས་འཁོར་གྱི་བཀའ་འཕྲང་ལ་ཡིག་ཆ་