R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༨ན
[A:༦༨ན]མཛད་པའི་ཡིག་མཁན་ཡང་མཛད་དོ། །དེ་ནས་ཆོས་རྗེ་ཀུན་སྤངས་པ་གཤེགས་པའི་རྗེས་སུ་ཇོ་མོ་ནང་དུ་བྱོན་པས། བྱང་སེམས་རྒྱལ་ཡེའི་དབོན་པོ་རྣམས་སྦྲད་ནས། བཙུན་ཆུང་འདི་པ་སློབ་གཉེར་བྱེད་དུ་འཇུག་པ་ཡིན་པས་དུས་འཁོར་གསུང་བ་ཞུ་གསུངས་ནས། དཔོན་པོས་གཙོ་མཛད་དགེ་བཤེས་མང་པོ་ལ་དུས་འཁོར་འགྲེལ་ཆེན་རྒྱུད་རྙིང་ལ་སོགས་པ་མང་དུ་གསུངས་ཤིང་། དེའི་ཚེ་བླ་མ་བྱང་སེམས་རྒྱལ་ཡེ་ལ་དུས་འཁོར་ཡོངས་རྫོགས་ཀྱི་དབང་། རྒྱུ་རྙིང་། གྲུབ་རྙིང་གི་སྐོར། མཚན་བརྗོད་འགྲེལ་པ་སོགས་མང་དུ་ཞུས་སོ། །དེ་ནས་དབོན་པོས་བདེ་ཆེན་དུ་གདན་དྲངས་ནས་དེར་ཡང་གསུངས་ཤིང་། དུས་འཁོར་མཁས་རབ་ཤེས་པ་དང་། བློ་ཁ་ཕྱོགས་པ་དང་དད་པ་ཐོབ་པ་མང་དུ་བྱུང་། དེར་བླ་མ་གྲགས་ཆེན་པ་དང་ཞལ་མཇལ་ནས་ཆོས་ཕར་ཞུ་ཚུར་ཞུ་མང་དུ་མཛད་དེ། ཇོ་བོ་ལུགས་ཀྱི་གསང་འདུས་འཕགས་སྐོར་གཞུང་ཕྲན་མན་ངག་དབང་བཀའ་ཁྲིད་བཀའ་དང་བཅས་པ། ཆག་ལུགས་ཀྱི་གསང་འདུས་འཕགས་སྐོར་གཞུང་བཤད་དབང་བཀའ་གཞུང་ཕྲན་དང་བཅས་པ། དཔྱལ་ལུགས་ཀྱི་འཕགས་སྐོར། ས་ལུགས་ཀྱི་འཕགས་སྐོར། ས་ལུགས་ཀྱི་ཀྱཻ་རྡོར་དང་། བདག་མེད་མའི་དབང་བྱིན་རླབས་སྒྲུབ་སྐོར་དང་། རྒྱུད་གསུམ་མན་ངག་དང་བཅས་པ། གུར་མགོན་གྱི་སྐོར་ལ་སྒྲུབ་ཐབས་ལས་ཚོགས་མང་པོ་དང་བཅས་པ། ས་ལུགས་ཀྱི་ལཱུ་ནག་དྲིལ་གསུམ་གཞུང་གདམས་ངག་དང་། ཇོ་བོ་ལུགས་ཀྱི་ལཱུ་ནག་དང་། རིན་ཆེན་རྒྱལ་མཚན་གྱི་དབང་བཀའ་བཤད་བཀའ་མན་ངག་དང་བཅས་པ། ཇོ་བོ་ལུགས་