R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༩བ
[A:༦༩བ] ཉང་སྟོད་སྐྱིད་མཁར་ལྷ་ཁུད་ཀྱི་ཕུ་རུ་སྤེ་ཆུང་གཅིག་པུ་ཞིག་ཏུ་སྐུ་མཚམས་བཅད་ནས་སྒྲུབ་པ་སྙིང་པོར་མཛད་ཀྱིན་བཞུགས་སོ། །དེ་ལྟ་བུའི་བླ་མ་འཕགས་འོད་ཡོན་ཏན་རྒྱ་མཚོས། བུ་སྟོན་རིན་པོ་ཆེ་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ལ་གསང་བ་འདུས་པ་འགོས་རྡོག་ལུགས། མར་ལུགས། ཇོ་བོ་ལུགས། ཆག་ལུགས་སོགས་ཐམས་ཅད་གནང་བ་ཡིན་ནོ། །དེ་ཡང་བླ་མ་འཕགས་འོད་ཉང་སྟོད་དུ་སྒྲུབ་པ་ལ་བཞུགས་པའི་ཚེ་བུ་སྟོན་རིན་པོ་ཆེས་གསང་འདུས་སྐོར་གསན་པར་བཞེད་ནས། དགེ་བཤེས་བསོད་ནམས་རིན་ཆེན་བྱ་བ་རིན་པོ་ཆེའི་མེ་ཏོག་དང་བཅས། བདག་གསང་བ་འདུས་པ་ཞིག་དོན་དུ་གཉེར་བ་ལགས་པས་ཐུགས་ལ་བཏགས་དགོས། དེ་ལ་བདག་དེར་དྲུང་དུ་འོངས་ན་མཆིའམ། བླ་མ་ཁྱེད་འདིར་བྱོན་པ་གང་གི་ལེགས་ཀྱི་སྐབས་དབྱེར་གསོལ་ཞེས་པའི་ཞུ་བ་འཕགས་འོད་ཀྱི་དྲུང་དུ་བཏང་བས། ཐོག་མར་མཇལ་ཁ་མ་གནང་ནས། ཞུ་ཡིག་དང་གསེར་གྱི་མེ་ཏོག་ཕུལ་བས་གཟོད་མཇལ་ཁ་བྱུང་སྟེ། བླ་མ་འཕགས་པའི་ཞལ་ནས་ཁྱེད་ནོར་བ་མིན་ནམ། ང་ནི་བཙུན་རྒན་གཅིག་ཀྱང་མི་ཤེས་པ་མ་ཎི་བགྲངས་ནས་སྡོད་པ་ཞིག་ཡིན། ཁོང་ལ་དགོས་པའི་གསང་འདུས་དེ་འདྲ་ངས་མི་ཤེས། ང་ལ་སྙིང་ཐག་མདའ་རྒྱང་ལས་རིང་བ་ལ་སོགས་པ་ཡོད་པའི་ཡོན་ཏན་དང་ཁ་ན་སོ་མེད་པ་ལ་སོགས་མེད་པའི་ཡོན་ཏན་མང་པོ་ཡོད་ཏེ། དེ་ཚོ་ནི་ཁོང་ལ་མི་མཁོ་མཆི། ཁྱེད་རང་གསེར་ཁུར་ལ་ལོག་རྒྱུགས་གསུངས་པ་ན། ཁོང་གིས་ནོར་བ་མིན་པ་འདུག དུས་འཁོར་སློབ་པའི་དུས་སུ་བླ་མ་རྡོ་རྗེ་རྒྱལ་མཚན་པས་ཁྱེད་ལ་གསང་