R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༠ན
[A:༧༠ན]འདུས་མཁས་པོ་ཡོད་བྱས་ནས་ཁུངས་བསྟན་པར་འདུག དགེ་སློང་ཤཱཀྱ་དཔལ་གྱིས་ཀྱང་ངོ་ཤེས་ཀྱིས་འདུག་མ་ནོར་བྱས་པས། སློབ་དཔོན་རྡོ་རྗེ་རྒྱལ་མཚན་གྱིས་མགོ་སྐོར་བྱས་འདུག་པ། ངས་དང་པོ་གསང་འདུས་ཤིག་ཉན་མྱོང་སྟེ་བརྗེད་ནས་མེད་པས། ངས་ཁོང་པའི་སློབ་དཔོན་གང་ནས་འོང་། ཅིས་ཀྱང་གསང་འདུས་དོན་དུ་གཉེར་ན། སྲེའུ་ཆུང་བ་དང་ཁོང་པའི་སློབ་མ་བསོད་ཤེ་དང་། སངས་རྒྱས་དཔལ་ལ་སོགས་མང་པོ་ཡོད་པས་དེར་ཞུས་གསུངས། དེ་ཚོ་ལ་ཞུ་འདོད་མི་གདའ། ཅིས་ཀྱང་དྲུང་དུ་ཞུ་བར་གདའ་ཞུས་པས། དེར་འཕགས་འོད་ཀྱི་ཞལ་ནས་དགེ་བཤེས་གསན་དང་། ཕྱི་དུས་ཀྱི་བྱེད་པ་ཡོལ། དུས་སྙིགས་པས་ཆོས་ཞུ་བ་ཐམས་ཅད་ཀྱང་བཀའ་ཐོབ་ཙམ་ལུང་ཐོབ་ལས་རྩ་བ་གཅོད་མཁན་ཡོང་བ་མི་འདུག ཆོས་བཤད་མཁན་རྣམས་ཀྱང་སྤྱང་ཨ་ཕོའི་ཀློག་བྲི་པ་ཇི་བཞིན་ལས་རྡོ་རུས་གཏུགས་ལ་བཤད་རྒྱུ་ཡོད་པ་མི་འདུག སྒོས་སུ་ནང་དུས་ཀྱི་བྱེད་པ་ཡོལ། ལེགས་པར་རྒས། དྲན་པ་མི་གསལ། བཤད་འཕྲོ་ལ་བརྗེད་ཀྱི་འགྲོ། རྣ་བ་རྩེ་ཆག མིག་མི་གསལ། འདི་བཞིན་སོང་བ་ཡིན་མོད་གསུངས་ནས་ནས་དབུ་དང་ཕྱག་ལ་སོགས་པ་བསྟན་ནས། ངས་ཁོང་པའི་སློབ་དཔོན་མི་འོང་གིས་ལོག་ལ་སོང་གསུངས་ཏེ་ལོག་བྱུང་བ་ན། ཁོང་ཡོང་བའི་ནུབ་མོ་བུ་སྟོན་རིན་པོ་ཆེའི་མནལ་ལམ་དུ་མཐོངས་ཁུང་ལྟ་བུ་ཞིག་གི་ཕ་རོལ་ན་རྡོར་དྲིལ་གཅིག་དང་། བུམ་པ་ཞིག་འདུག་པ། ལེན་འདོད་ནས་མི་ཞིག་ལ་དེ་པ་ཚུར་ཐོངས་གསུངས་པས། མི་དེས་མྱུར་དུ་གཏོང་མ་འདོད་པ་ལ། ང་རང་རྒྱང་གིས་མཆོངས་ལ་བླང་དགོས་དགོངས་པ་ན་