R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༩ན
[A:༦༩ན]གཏོར་ཆེན་རྣམས་རྙིང་མ་ལུགས་ཀྱི་ལག་ལེན་ཞིབ་པར་བསླབས་སོ། །དེ་ནས་བོ་དོང་ཨེར་བྱོན་སྣུར་ཆོར་འཕགས་རྒྱལ་མཚན་ལ་ཡོ་ག་སྟོད་ལུགས་པའི་འགྲེལ་པ་ལ་བརྟེན་པའི་དབང་བཀའ། དེ་ཉིད་འདུས་པའི་རྒྱུད། སྟོད་འགྲེལ་སྨད་འགྲེལ། རྡོར་འབྱུང་སེམས་དཔའ་འབྱུང་ཆུང་། ཀོ་ས་ལའི་རྒྱན་ཨ་ཝ་ཏ་ར། དཔལ་མཆོག་སྨད་འགྲེལ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ལ་འཇིག་རྟེན་པ་དྲུག་བཏགས་པའི་སྦྱོང་རྒྱུད་ཀྱི་དབང་བཀའ། གཙུག་ཏོར་རྣམ་རྒྱལ་གྱི་རྟོགས་པ་གཉིས། ཚེ་དཔག་མེད་འཆི་མེད་རྔ་སྒྲ། ཁ་འབར་མའི་གཟུངས་གཉིས། ཚུལ་བརྒྱ་ལྔ་བཅུ་པ་ལ་སོགས་པ་གསན་ནོ། །ཁོང་པས་ཀྱང་ལྟ་སྒོམ་སྤྱོད་འབྲས་ལ་སོགས་པ་མང་དུ་ཞུས་སོ། །དེའི་ཚེ་བླ་མ་བྱང་སེམས་རྒྱལ་ཡེའི་དབོན་པོ་འོངས་ནས་བུ་ཆེན་ཐམས་ཅད་ཀྱི་དགོན་པ་བདེ་ཆེན་འཛིན་པར་ཞུས་པས། དགོན་ཆུང་སྡུག་བསྔལ་གྱི་བཙོན་རར་དགོངས་ནས་མཛད་དུ་མ་བཞེས་པར། དབོན་ཆུང་ལ་སློབ་གཉེར་མཛུབ་ཁྲིད་དུ་མཛད་ནས་བསྐོས་སོ། །དེ་ནས་སྟོད་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཁྲིད་ཞུ། དབང་ཞུ། ལུང་ཞུ་ཟེར་བ་མང་པོ་བྱུང་ནས། ཉིན་རང་ལུང་དང་བཤད་པ་མཛད། མཚན་རང་ཆོ་ག་མཛད་དེ་ཉིན་མཚན་ཁོར་ཡུག་ཆོས་འཆད་པ་ལ་འབད་པ་མཛད་ཀྱང་། འཇིག་རྟེན་བློས་བཏང་ནས་སྒྲུབ་པ་མཐར་འདོན་པ་ཆེར་མ་བྱུང་། པོ་ཏི་རྐང་བཙུགས་ནས་སློབ་གཏེར་བྱེད་པའང་མང་པོ་མ་བྱུང་བས་ཐུགས་འཇུངས་ཏེ། ཆོས་ཀྱི་རྣམ་གྲངས་གསོག་པའི་ལུང་ཐོབ་ཚོད་མ་ཚྭ་བལྟ་བ་ལྟ་བུ་འདི་ལ་དགོས་པ་མི་འདུག་དགོངས་ནས།