R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༠བ
[A:༧༠བ]མནལ་སད། དེ་ནས་ནངས་པར་དེ་ཁོང་སླེབ་བྱུང་ནས། བླ་མ་ཁོང་ནི་ཆོས་ཡེ་གསུངས་བའི་རིགས་སུ་མི་འདུག དེ་བས་གཞན་ལ་ཞུས་ན་རང་འཐད་དམ་ཞུ་བ་ལ། བུ་སྟོན་གྱི་ཞལ་ནས། ཁོང་ཐུགས་ལ་བཏགས། ང་ཅིས་ཀྱང་ཡོང་ག་ལ་གསུངས། སྤོས་འདོད་པ་ལ་མི་རོ་བམ་པོས་ཅི་བྱ། ཁྱེད་རང་ད་དུང་ཕར་སོང་ལ་དེར་ཁོ་བོ་ཅིས་ཀྱང་ཡོང་བར་འདུག་པས་དུས་ཅི་ཙམ་ལ་ཡོང་བ་འཐད་ཅེས་ཞུས་ཤིག་བསྒོས་ཏེ་གནང་། དེས་ཀྱང་ཇི་སྐད་གསུངས་བཞིན་འཕགས་འོད་ཀྱི་དྲུང་དུ་ཕྱིན་ཏེ་ཞུས་པས། འོ་ན་ཐག་ཆོད་ཀྱི་མི་ལ་བཤོལ་འདེབས་དཀའ་བས་ཁས་བླངས་པ་ལ་ཐུག་གོ །ཁོང་ལ་ཁྱེད་ཀྱིས་འདིར་འོངས་ཀྱང་ཁང་ཆུང་གཅིག་པུ་ལས་མེད་པས་ངེད་དེར་འོང་པ་ཡིན་མོད་ཀྱང་། ད་ལམ་དཔེ་ཆ་རྣམས་ཀྱང་ལ་སྟོད་དུ་ལུས་འདུག་པས། དེ་དག་ཀྱང་བླངས་ལ་ཆོས་འཁོར་ཐོན་པ་དང་ཅིས་ཀྱང་ཡོང་གསུངས་ཤིག་གསུངས། དེ་ལྟ་བུའི་ལོན་ནངས་པར་ཡོང་བའི་དོ་ནུབ་དེ། བུ་སྟོན་རིན་པོ་ཆེའི་མནལ་ལམ་དུ་སྔར་མནལ་ལམ་དུ་བྱུང་པའི་བུམ་པ་དེ་ལ་ཁ་རྒྱན་དང་མགུལ་ཆིངས་ཀྱི་རྒྱན་དང་བཅས་ཆུ་ཡིས་ཅུང་ཟད་མ་ཁེངས་པ་ཞིག་བུད་མེད་ཅིག་གིས་ཁྱེར་བྱུང་ནས། འདི་རྩ་བ་ཁྱོད་རང་གི་ཡིན་ཏེ། ན་ནིང་ནས་བྲག་རི་ན་ཡར་ལ་འཁྱར་བ་ཡིན། ད་ཁྱོད་རང་ལ་གཏད་པ་ཡིན་ནོ་ཟེར་ནས་གཏད་པ་གསལ་པོ་ཞིག་རྨི། གཞན་ཡང་བཙུན་པ་འདྲ་བ་ཡང་། རྣལ་འབྱོར་པ་འདྲ་བ་ཞིག་གིས་སྔར་ནས་མནལ་ལམ་དུ་བྱུང་བའི་རྡོར་དྲིལ་དེ་གཏད་པ་སྙམ་བྱེད་པ་བྱུང་། དེའི་ནངས་པར་འཕགས་འོད་ཀྱི་བཀའ་གནང་བ་དེ་འབྱོར། དེ་ནས་ཕྱིས་ཆོས་འཁོར་ཐོན་ནས་བླ་མ་འཕགས་འོད་