R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༡ན
[A:༧༡ན]ཡོན་ཏན་རྒྱ་མཚོ་སྐུ་ན་བགྲེས་པོར་སོང་བ་དེས། བུ་སྟོན་རིན་པོ་ཆེའི་དགོངས་བཞེད་ལྟར་ཞ་ལུར་བྱོན་ནས། བུ་སྟོན་རིན་པོ་ཆེ་ལ་ཁྱེད་ལ་རྒྱ་བའི་རྒྱ་ལུགས་དང་གར་བའི་གར་ལུགས་ནས་དགོས་པའི་ལུགས་མིན། བཤར་ཏེ་བཀླགས་ལ་སྐབས་སྐབས་སུ་འགག་རེ་ཙམ་བཤད་དེ་ཆོས་ཐོབ་ཆེ་བར་བྱེད་པ་ཡིན་ནོ་གསུངས་པ་ལ། བུ་སྟོན་རིན་པོ་ཆེས། དེ་འདྲའི་ལུང་ཐོབ་ཙམ་གྱིས་མི་ཕན། བཤད་པ་རྡོ་རུས་ཐུག་པ་ལག་ལེན་དང་བཅས་པ་ཞུ་འཚལ་ཞུས་པས། འཕགས་འོད་ཀྱི་ཞལ་ནས། འ་པ་ཡེས་སྙིང་ནས་རང་གསང་འདུས་ཤེས་པ་ཅིག་བཞེད་དམ་གསུངས། ཤིན་ཏུ་འདོད་ལགས་ཞུས་པས། འོ་ན་གསང་འདུས་ཀྱི་དོན་རིམ་ལྔར་འདུས་པ་ཡིན། རིམ་ལྔའི་ཁྲིད་བཟང་པོ་ཞིག་ཐོབ་ན་གསང་འདུས་ཀྱི་དོན་རང་རྡོལ་ལ་ཡོང་བས་ཐོག་མར་དབང་དང་ཁྲིད་བྱེད་དགོས་གསུངས་ནས་དབང་བཀའ་བདུན་པོ་གཅིག་ཏུ་འདུས་པའི་དབང་བཀའ་རྒྱས་པ་མཛད་ནས་དེ་ནས་འདུས་པའི་རིམ་ལྔ་སྨར་ཁྲིད་དགུན་སྟོད་ལ་རྫོགས་པར་མཛད་དེ། སླར་དཔྱིད་ཀ་རྡོག་ལུགས། མར་ལུགས། ཇོ་བོ་ལུགས། ཆག་ལུགས་རྣམས་ཀྱི་བཤད་བཀའ། ལུང་བཀའ། མན་ངག་གི་བཀའ་ཐམས་ཅད་ལེགས་པར་སྩལ་བ་ཡིན་ནོ། །དེ་ལྟར་བུ་སྟོན་རིན་པོ་ཆེས་འཕགས་འོད་ལ་ལེགས་པར་གསན་ནས་བསྟན་པའི་ཁུར་ཆེན་པོ་བཞེས་ཏེ། འདུས་པ་ལ་ཡིག་ཆ་ཡང་། སྒྲོན་གསལ་གྱི་རྣམ་བཤད་མཐའ་དྲུག་རབ་གསལ། འདུས་པའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས། བསྟོད་པ་བྱིན་རླབས་ཆར་འབེབས། གཏོར་ཆོག་འདོད་དོན་ཆར་འབེབས། དཀྱིལ་ཆོག་ཡེ་ཤེས་ཆར་འབེབས།