R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༦ན
[A:༧༦ན]ནས། ཉ་ལ་དུས་བཏབ། ཚེས་གཅིག་ནས་མཐུ་བསྒྲུབས་པས། དེར་ཕས་སྤུན་པོས་ཀྱང་ཤ་ཆང་མང་པོ་ལ་མི་མང་པོ་བསགས་ནས། མར་པས་འོ་སྐོལ་ལ་མཐུ་དུས་བཏབ་པས། མ་ཤི་ན་ལྷ་གསོལ། ཤི་ན་དགེ་རྩ་བྱེད་ཟེར། དེ་ནས་ཚེས་བཅུའི་བར་དུ་རྟགས་གང་ཡང་མ་བྱུང་ནས། བླ་མའི་ཞལ་ནས། ཁོ་ལ་ནི་ཆམ་པའི་ནད་ཙམ་ཡང་མི་འདུག གྱད་ཀྱི་མཐུ་སྡུག་སམ་གསུངས་པས། ཚུར་སྟོན་ན་རེ། ད་རུང་མི་ཤེས་ཞག་གཅིག་མ་ཐིམ་ཞུས། དེ་ནས་ཉའི་ནུབ་མོ་གཟེར་གྱིས་བཏབ་ནས་ཤི་བ་ན། ཁྲབ་དང་རྟ་མང་པོ་གནང་བས། ཚུར་གྱི་བླ་མ་མར་པའི་སྐུ་པང་དུ་མགོ་བོ་བཞག་ནས། སྡིག་པོ་ཆེ་བདག་ལ་གདམས་ངག་མེད། དམྱལ་བར་འགྲོ་བ་ཡ་ཆ་ཞུས་ནས་བཤུམས་པས། བླ་མའི་ཞལ་ནས། ངུ་མི་དགོས་ཡར་ལ་ལོངས་དང་གསུངས། ཁྱོད་འཇིགས་མི་དགོས་ང་ལ་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བའི་གདམས་ངག་ཡོད་ཀྱི་གསུངས་ནས། གསང་བ་འདུས་པ་རིམ་ལྔའི་གདམས་པ་ཟབ་མོ་རྫོགས་པར་གནང་། ཁྱད་པར་བཙན་ཐབས་སུ་སངས་རྒྱ་བའི་གདམས་པ་ཟབ་མོ་གནང་བས། ཚུར་མཉེས་ཏེ། སྒྱུ་མའི་ནོར་རྫས་ཐུན་མོང་ལགས། །བསྟན་སྲུང་འདི་ལ་ཡོན་ཏན་གདའ། །བླ་མ་མཉེས་པའི་ཡོན་ཏན་གདའ། །བླ་མ་མཉེས་པས་གདམས་ངག་གནང་། །བཙན་ཐབས་སངས་རྒྱས་བདག་ལ་གནང་། །ཞེས་གསུངས་ནས་བསྒོམས་པས་རྟོགས་པ་ཕུལ་དུ་ཕྱིན་པ་ཐུགས་རྒྱུད་ལ་འཁྲུངས་སོ། །དེ་ལྟ་བུའི་ཚུར་དབང་གི་རྡོ་རྗེས། འཁོན་གད་པ་ཀཱིརྟི་ལ་འདུས་པའི་གདམས་ངག་ཡོངས་སུ་རྫོགས་པ་གནང་