R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༥བ
[A:༧༥བ]པའི་བུ་བཞིའམ། ཀ་ཆེན་བཞི་ཞེས་གྲགས་ཏེ། སྔ་མ་གསུམ་གྱིས་བདེ་ཀྱེ་སོགས་བཤད་པའི་སྲོལ་བཟུང་། མིད་ལས་བཀའ་བབས་བཞིའི་གི་གདམས་པའི་བཅུད་སྒྲུབ་པའི་སྲོལ་བཟུང་བ་ཡིན་ནོ། །གཞན་ཡང་ཆུ་གོང་དཔལ་ལེ། དྲི་མའི་བུ་ཆུང་། དོལ་པ་བདག་སྟོན། དགེ་བཤེས་གད་པ་བཞི་ལ་བཀའ་བབས་བུ་བཞི་ཞེས་དང་། འདམ་གྱི་མར་མི་མགོ་ལེགས། དགེར་ཕུའི་ཀློག་སྐྱ་ཇོ་སྲས། འཕན་ཡུལ་ཉ་མ་དཔལ་མོ། རྐྱང་རོ་ཞང་སྟོན་བཞི་ལ་ལས་ཅན་གྱི་སློབ་མ་བཞི་ཞེས་བྱ་ཞིང་། དེ་རྣམས་ཀྱི་ནང་ནས་ཚུར་སྟོན་དབང་གི་རྡོ་རྗེ་ལ་འདུས་པའི་དབང་རྒྱུད་མན་ངག་དང་བཅས་པ་གདམས་པ་ནི་དེང་སང་གི་བར་དུ་དར་རྒྱས་སུ་ཡོད་པ་འདི་ཉིད་ཡིན་ལ། དེ་ཡང་ཚུར་སྟོན་འདི་མཐུ་ལ་ཤིན་ཏུ་མངའ་བརྙེས་པ་ཞིག་ཡིན་པས་མཐུའི་སྒོ་ནས་མི་མང་པོ་བསད་པ་ལ་འགྱོད་པ་སྐྱེས་ནས། མར་པ་ལ་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བའི་གདམས་པ་ཡོད་ཟེར་བ་ཐོས་ཏེ་ཞུ་རུ་ཕྱིན་ཏེ། དེའི་དུས་སུ་མར་པས་ཕ་སྤུན་ཁ་ཅིག་ལ་དབང་བསྐུར་བའི་ཕྱག་རྒྱ་མོ་མཛད་པས། ངེད་ཀྱི་མི་དམའ་ཕབ་ཟེར་ནས་བླ་མ་མར་པའི་གྲྭ་པའི་རྟ་ལ་མདའ་བརྒྱབ། རྟ་རྫི་བརྡུངས། འོ་དོད་འབོད་དུ་བཅུག་པས། བླ་མ་མར་པ་ཐུགས་ཁྲོས་ཏེ་ཞལ་ནས། ངས་རྒྱ་གར་དུ་སངས་རྒྱ་བའི་གདམས་པ་མིན་པ། བསྟན་སྲུང་རང་མི་དགོས་སྙམ་ནས་མཐུ་སོགས་མ་ཞུས་པ་ཡིན་ནའང་། ད་ངན་པ་འདི་ཚོའི་སྡིག་གསོག་དུ་འོང་བ་འདུག་པས། ང་སྣུབ་ཟམ་ནག་པ་ཅན་དུ་མཐུ་ཞུ་རུ་འགྲོ་བས་ཁྱེད་རང་ཚོ་གྱེས་ཤིག་གསུངས་པ་ལ། ཚུར་སྟོན་གྱིས་ཀུ་རེ་མ་ལགས་སམ། མཐུ་དགོས་ན་བདག་གིས་བགྱིའམ་ཞུས་པས། འོ་ན་གྱིས་ཤིག་གསུངས་