[A:༨༠བ]ཉིད་ལས། བདག་གི་ཡོངས་འཛིན་དམ་པ་སངས་རྒྱས་རྒྱལ་མཚན་ཞེས་བྱ་བ་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་སྐྱེས་ཆེན་དམ་པ་དེ་ཉིད་ཀྱིས་གསང་བ་འདུས་པའི་ཆོས་སྐོར་རྫོགས་པར་གསན་པ་ཡིན་ནོ། །དེ་རྣམས་ཀྱིས་མར་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་མར་ལུགས་ཇི་ལྟར་དར་བའི་ཚུལ་བསྟན་ཟིན་པ་ཡིན་ལ། གསུམ་པ་ས་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་ས་ལུགས་ཇི་ལྟར་དར་བའི་ཚུལ་ལ་ཡང་། ས་ལུགས་རྙིང་མའི་བརྒྱུད་པའི་རིམ་པ་དང་། གསར་མའི་བརྒྱུད་པའི་རིམ་པ་བསྟན་པའི་སྒོ་ནས་ལུགས་འདི་ཇི་ལྟར་དར་བའི་ཚུལ་གཉིས་ལས། དང་པོ་ནི་རྗེ་འགོས་ལོ་ཆེན་པོས་མཁོན་དཀོན་མཆོག་རྒྱལ་པོ་ལ་གནང་། དེས་སྐྱུ་ར་ཨ་སྐྱབས་ལ། དེས་ས་ཆེན་ལ་གནང་ཞིང་། ཡང་འགོས་ཀྱི་སློབ་མ་རྒྱུད་ཀྱི་ཀ་བ་ཚུགས་པ་བཞིའི་ནང་ཚན་དབུས་པ་དགེ་སེར་གྱིས་གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན་ལ་འདུས་པའི་དབང་རྒྱུད་གདམས་པ་མཐའ་དག་གནང་སྟེ། ཁའུ་པ་ལ་འདུས་པའི་སྒྲུབ་ཐབས་བསྟན་པའི་ནོར་རྫས་བྱ་བ་སོགས་དང་། གཞན་ཡང་མན་ངག་མང་དུ་བཞུགས། དེ་ཉིད་ཀྱི་དྲུང་དུ་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོས་སྤྱིར་མདོ་སྔགས་ཀྱི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསན་ཞིང་། དང་པོ་བླ་ཆེན་འདི་ཁ་བ་ཅན་གྱི་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་མགྲོན་དུ་འབྱོན་པའི་རྟེན་འབྲེལ་ཡང་བླ་མ་འདི་ཉིད་ཀྱིས་སྒྲིག་པར་མཛད། བླ་ཆེན་འདི་ལ་སྲས་ཀྱི་ཐུ་བོ་བཞི་དང་། དཔལ་ཆེན་འོད་པོ་ལ་སྲས་གཉིས་བྱོན་པའི་ཆུང་བ་ཟངས་ཚ་བསོད་ནམས་རྒྱལ་མཚན་ལ་སྲས་ཆེ་བ་ཆོས་རྒྱལ་འཕགས་པ་དང་། འགྲོ་མགོན་