R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༠ན
[A:༨༠ན]ལུགས་ལ་སྒྲུབ་ཐབས་གཞན་ཕན་དོན་ཡོད། དཀྱིལ་ཆོག་གཞན་ཕན་རྒྱས་བྱེད། དབང་ཆོག་གཞན་ཕན་ལྷུན་གྲུབ་སྟེ་གཞན་ཕན་སྐོར་གསུམ་ལ་སོགས་པ་མཛད་དེ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་འདི་ཉིད་དུ་འཁོན་སྟོན་ཆེན་པོ་དཀོན་མཆོག་རྒྱལ་པོ་ཡབ་སྲས་ཀྱི་དུས་དྲན་གྱི་མཆོད་འབུལ་དུ་དཔལ་གསང་བ་འདུས་པ་མི་བསྐྱོད་པ་དང་། འཇམ་པའི་རྡོ་རྗེའི་སྒྲུབ་མཆོད་ལོ་རེ་མོས་ཀྱིས་འཛུགས་པར་མཛད་དེ། དེང་སང་གི་བར་དུ་རྒྱུན་མ་ཆད་པར་ཕྱག་ལེན་རྣམ་པར་དག་པས་བརྒྱན་ཏེ་དར་རྒྱས་སུ་བཞུགས་སོ། །སྔགས་འཆང་བསྟན་པའི་ཉི་མ་ཆེན་པོ་ཉིད་ཀྱི་དྲུང་དུ་ཁོ་བོ་ཅག་གི་འདྲེན་པ་དམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིགས་ལྡན་འཇམ་པའི་དབྱངས་སྐུ་མཆེད་གཉིས་ཀྱིས་འདུས་པ་མི་བསྐྱོད་པའི་དབང་བཀའ་སོགས་གསང་འདུས་ཀྱི་ཆོས་སྐོར་ཕལ་ཆེར་གསན་ཞིང་། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་གྱིས་གསང་བ་འདུས་པ་མི་བསྐྱོད་པའི་དབང་བཀའ་ལན་འགའ་གསན་ཞིང་། ཡབ་རྗེ་བཀའ་དྲིན་ཅན་དེ་ཉིད་ཀྱི་དྲུང་དུ་སློབ་བུའི་ཐ་ཆུང་བདག་གིས་རང་ལོ་བཅུ་བཞི་ལོན་དུས་དཔལ་གསང་བ་འདུས་པ་མི་བསྐྱོད་པའི་དབང་བཀའ། བཀའ་བབས་བདུན་ལྡན་གྱི་སྨིན་བྱེད་གྱི་བདུད་རྩི་ལེགས་པར་ཐོབ་པའི་སྐལ་བ་མཆོག་དང་ལྡན་པར་གྱུར་པ་ལགས་སོ། །ཡང་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་དྲུང་དུ་མུས་ཆེན་དཀོན་མཆོག་རྒྱ་མཚོས་གསང་བ་འདུས་པའི་ཆོས་སྐོར་རྣམས་གསན་ཞིང་། སྤྱན་སྔ་འཇམ་དབྱངས་དེ་