R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༡ན
[A:༨༡ན]ཕྱག་ན་གཉིས། ཆུང་བ་སློབ་དཔོན་རིན་ཆེན་རྒྱལ་མཚན་དང་། ཡེ་འབྱུང་གཉིས་ཏེ་བཞི་བྱོན་པའི་ནང་ནས་ས་ཆེན་གྱི་སྲས་བཞི། ཆོས་རྗེ་ཁུ་དབོན་གཉིས། ཟངས་ཚ་སྟེ་འཇམ་དབྱངས་བདུན་བརྒྱུད་དང་། ཡང་ཡེ་འབྱུང་གི་སྲས་བདག་ཉིད་ཆེན་པོ་ནས་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་ཟམ་མ་ཆད་པ་བྱོན་ནས་འགྲོ་བ་མང་པོའི་དོན་མཛད་པ་འདི་ཡང་། བླ་མ་གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན་འདི་ཁོ་ནའི་བཀའ་དྲིན་ཡིན་ཏེ། དེ་ཡང་བླ་མ་སྒྱི་ཆུ་བ་གཤེགས་པའི་ཞལ་ཆེམས་ལ། ས་ཆེན་ལ་ཁྱེད་རབ་ཏུ་བྱུང་ལ་འཁོན་ཚོའི་སྡེ་འདི་ཁྱོངས་གསུངས་པ་བཞིན་བླ་ཆེན་གྱིས་སེར་ཆས་བསྒྲུབས་ནས་རབ་ཏུ་བྱུང་བར་བརྩམས་པས། དེ་ཉིད་བླ་མ་གནམ་ཁའུ་པས་དགོངས་ནས། བླ་ཆེན་ལ་ངའི་དྲུང་དུ་ཤོག་གསུངས་པ་བྱུང་ནས་བྱོན་པ་ན། ཁྱེད་སེར་ཆས་བསྒྲུབས་ནས་ཅི་བྱེད་གསུངས། རབ་ཏུ་འབྱུང་བ་ལགས་ཞུས་པས། མ་བྱེད་གསུངས་བླ་མ་སྒྱི་ཆུ་བའི་གསུང་ཡིན་ཞུས་པས། བླ་མ་མཉམ་པོ་ལ་ཁོང་ཤི་བོའི་གསུང་ལས། ང་གསོན་པོའི་ངག་ལ་ཉོན་རབ་ཏུ་མ་བྱུང་ན་ཕན་ཆེ་བ་ཡོང་གསུངས་ནས་མ་གནང་བར་བརྟེན། དེ་ནས་བླ་ཆེན་འདིས་སླར་གདུང་སྲས་སྤེལ་བ་ལ་བརྟེན། འཇམ་དབྱངས་བདུན་བརྒྱུད་སོགས་བར་མ་ཆད་པར་བྱོན་ནས་ས་སྐྱ་པ་ཞེས་པའི་སྙན་གྲགས་སྲིད་པ་གསུམ་ན་ཆེར་གསལ་ཞིང་ཁ་བ་ཅན་གྱི་སྐྱེ་དགུ་མཐའ་དག་སྨིན་གྲོལ་ལ་བཀོད་དེ། འཛམ་གླིང་བྱང་ཕྱོགས་འདིར་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པའི་དགེ་ལེགས་ཀྱི་རྒྱུན་འདི་བཞིན་བྱུང་བ་ཡིན་ནོ། །དེ་ལྟ་བུའི་བླ་མ་གནམ་ཁའུ་པའི་དྲུང་དུ་རྗེ་བཙུན་འདིས་མཚན་ཉིད་སྐོར་ལ་བྱམས་ཆོས་སོགས་མང་པོ་དང་། སྔགས་ལ་