R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༡བ
[A:༨༡བ]བྱ་རྒྱུད་རིག་པ་མཆོག་གི་རྒྱུད། ལེགས་གྲུབ། དཔུང་བཟང་། གསང་བ་སྤྱི་རྒྱུད། བསམ་གཏན་ཕྱི་མའི་རྒྱུད་སོགས་འགྲེལ་པ་ཡན་ལག་དང་བཅས་པ། སྤྱོད་རྒྱུད་ལ་རྣམ་སྣང་མངོན་བྱང་འགྲེལ་པ་ཕྲན་དང་བཅས་པ། ཡོ་ག་ལ་དེ་ཉིད་འདུས་པའི་རྒྱུད་འགྲེལ་བཅས། དཔལ་མཆོག་དང་པོའི་རྒྱུད། རྡོ་རྗེ་རྩེ་མོ་སོགས་འགྲེལ་པ་དང་བཅས་པ་མང་པོ་དང་། བླ་མེད་ལ་འདུས་པ་མི་བསྐྱོད་པའི་དབང་། དགོངས་འགྲེལ་གྱི་བསྟན་བཅོས་སྒྲོན་གསལ། མདོ་བསྲེ། མདོ་བྱས། རིམ་ལྔ་སྤྱོད་བསྡུས། བདག་བྱིན་གྱིས་རླབས་པའི་རིམ་པ། སེམས་ཀྱི་སྒྲིབ་སྦྱོང་། དཀྱིལ་ཆོག་ཉི་ཤུ་པ། ཟླ་གྲགས་ཀྱི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སོགས་འདུས་པ་འཕགས་སྐོར་གྱི་གཞུང་གདམས་ངག་དང་བཅས་པ་མང་པོ་ཞིག་དང་། ཡེ་ཤེས་ཞབས་ལུགས་ཀྱི་སྒྲུབ་ཐབས་ཀུན་བཟང་འགྲེལ་པ་གསུམ་དང་བཅས་པ་སོགས་འདུས་པ་ལུགས་གཉིས་ཀྱི་གདམས་པ་ཕལ་ཆེར་བ་གསན་པ་ཡིན་ལ། དེ་ཉིད་ཀྱིས་གནམ་ཁའུབ་པ་རྡོ་རྗེ་བདུད་འཇོམས་ལ། དེས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ་གནང་བ་ཡིན་ལ། ཡང་ལོ་རྒྱུས་ཀྱི་ཡི་གེ་འགའ་ཞིག་ལས། ས་ཆེན་གྱིས་སློབ་དཔོན་རིན་པོ་ཆེ་ལ་གནང་། དེས་རྗེ་བཙུན་ལ་གནང་བ་ཡིན་གསུངས་ནས། རྡོ་རྗེ་བདུད་འཇོམས་མ་བགྲངས་པ་ཡང་ཡོད་ལ། གང་ལྟར་རྗེ་བཙུན་རིན་པོ་ཆེ་ནས་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། བླ་ཆེན་འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བྲག་ཕུག་པ་བློ་བརྟན། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ་སོགས་ཀྱི་བར་དུ་བརྒྱུད་ནས་དེ་མན་ཆད་གོང་མར་