R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༢ན
[A:༨༢ན]འགོས་གཉིས་ཀྱི་བརྒྱུད་རིམ་དང་ཕལ་ཆེར་འདྲ་བ་ཡིན་ནོ། །གཉིས་པ་གསར་མའི་བརྒྱུད་རིམ་བསྟན་པའི་སྒོ་ནས་ལུགས་དེ་ཇི་ལྟར་དར་བའི་ཚུལ་ནི། ཁ་ཆེའི་པཎྜ་ིཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་བོད་དུ་བྱོན་པའི་ལེགས་ལམ་ལ་བརྟེན་ནས་བྱུང་བ་ཡིན་ཏེ། དེ་ཡང་སྤྱིར་པཎ་ཆེན་འདི་ཁ་ཆེ་ཁྲི་བརྟན་གྱི་བྱེ་བྲག་ཛ་ཤྭ་དྷ་ར་ཞེས་པར་ཤིང་མོ་གླང་གི་ལོ་བལྟམས། དགུང་ལོ་བཅུ་པ་ལ་བྲམ་ཟེ་ལཀྵིནྡྷ་ར་ལ་སྒྲ་རིག་པ་གསན། ལོ་དགུ་པ་ལ་དགེ་བསྙེན་བསྒྲུབས་ནས་ཉེར་གཉིས་ཀྱི་བར་དུ་ཚངས་སྤྱོད་ཀྱི་དགེ་བསྙེན་མཛད། ཉེར་གསུམ་པ་ལ་མཁན་པོ་སུ་ཁ་ཤྲཱི་བྷ་དྲ་སྟེ་བདེ་བ་དཔལ་བཟང་པོ་ལ་རབ་བྱུང་ཞུས་ནས་ཉེར་དགུའི་བར་དུ་ཁ་ཆེར་བཞུགས་ཤིང་། སུམ་ཅུ་པ་ལ་ཡུལ་དབུས་མ་ག་དྷཱར་བྱོན་ཏེ་མཁན་པོ་ཤནྟ་ཀ་ར་གུཔྟ་ཞི་བའི་འབྱུང་གནས་སྦས་པ་དང་། ད་ཤ་བྷ་ལ་དང་། གསང་སྟོན་དྷ་བར་སོགས་དགེ་སློང་བཅོ་བརྒྱད་ལས་བསྙེན་པར་རྫོགས་པ་མཛད་ནས་འཕགས་ཡུལ་ཉིད་དུ་སྦྱངས་པ་ཆེར་མཛད་པས། མདོ་སྔགས་རིག་གནས་དང་བཅས་པ་སོགས་ཤེས་བྱ་ཐམས་ཅད་ལ་མཁས་པའི་ཕ་རོལ་ཏུ་སོན་ཏེ། རྒྱལ་བའི་བསྟན་པ་ཆེས་ཆེར་གསལ་བར་མཛད་པའི་རིགས་ནས་དགུང་ལོ་དྲུག་ཅུ་བཞེས་པའི་དུས་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་དགུང་ལོ་སོ་གསུམ་ལོན་པའི་ཚེ། པཎ་ཆེན་འདི་བོད་དུ་སྤྱན་འདྲེན་པར་བྱོན་ཏེ་རྒྱ་གར་བཻརྻའི་ཚོང་དུས་སུ་ཕེབས་པས། བ་ནེ་ཤཱ་ར་བྱ་བར་པཎ་ཆེན་དང་མཇལ་བ་ན། པཎ་ཆེན་གྱི་གསུང་གིས། ལོ་ཙཱ་བ་འདི་ཆོས་མང་དུ་ཤེས་པ་ལྷ་ཆེན་བཞེངས་པའི་སྟོབས་ཡོད་པའི་ཡར་རྒན་ཞིག་ཡོད་བསམ་པ་ལ་ན་ཚོད་གཞོན་ནུར་འདུག ཆོས་བསྒྱུར་བའི་ལོ་ཙཱ་ཡང་མི་ཕོད། སྒྲུབ་ཐབས་འགའ་བྱིན་ལ་འོ་སྐོལ་དཔོན་སློབ་ཕྱིར་བཟློག་གསུངས།