R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༢བ
[A:༨༢བ]པཎྜི་ཏ་ཛ་ཡ་ཤྲཱིས་དཔོན་སློབ་རྣམས་ལོ་ཙཱ་བའི་གཟུགས་ལ་བརྙས་འདུག་པས་འབེལ་བའི་གཏམ་སྨྲོས་ཤིག་ཅེས་ལོ་ཙཱ་བ་ལ་སྐབས་དབྱེ་བ་ན། ལོ་ཙཱ་བས་པཎ་ཆུང་དགུ་ལ་དྲི་བ་མི་འདྲ་བ་གཉིས་གཉིས་བྱས་པས། པཎ་ཆེན་མཉེས་ཏེ་སྤྱན་དྲངས་བའི་རྔོ་ཐོགས་ནས། ཁ་ཆེའི་པཎྜི་ཏ་ཆེན་པོ་དེ་འཁོར་པཎ་ཆུང་དགུ་དང་བཅས་པ་བོད་དུ་རིམ་གྱིས་སྤྱན་དྲངས་ཆུ་མིག་ཏུ་ཕེབས་པ་ན། ཁྲོ་ཕུ་བས་བསུ་བའི་བཀོད་པ་དགེ་འདུན་དྲུག་ཅུ། དར་གདུགས་རོལ་མོ་སོགས་དྲུག་ཅུ་དང་བཅས་པ་སླེབས། ཁྲོ་ཕུར་གདན་དྲངས། དེའི་ཚེ་ས་སྐྱ་པཎྜི་ཏའི་ཡབ་དཔལ་ཆེན་འོད་པོ་སྐུ་གཤེགས་པའི་གཤེགས་རྫོང་གི་སྐུ་སྐལ་རྐྱང་འདུར་དུ་འབུལ་བར་ཕེབས་པའི་བར་ལམ་ཆུ་མིག་ཏུ་པཎ་ཆེན་དང་ཐོག་མར་མཇལ། ཚད་མ་ཆོས་མཆོག་གི་བསྟོད་པ་སོགས་མཛད་པ་ཡིན་ཟེར། གང་ལྟར་དེ་ནས་པཎ་ཆེན་གྱིས་ཁྲོ་ཕུར་བྱི་ལོའི་དབྱར་གནས་མཛད་པའི་ཚེ་ཚུལ་ཤིང་ལེན་པ་བརྒྱད་བརྒྱ་བྱུང་བར་གྲགས་ཤིང་། བརྒྱད་སྟོང་པ་ལ་སོགས་ཚོགས་ཆོས་གསུངས། ལོ་ཙཱ་བས་དར་ཟབ་ཀྱི་ཐུན་ཡོན་རེ་མ་ཆག་པར་ཕུལ། ལྷོ་བྲག་པ་བྱང་ཆུབ་དཔལ་བསྙེན་རྫོགས་གནང་། དེ་ནས་འབྲི་ཁུང་པས་སྤྱན་འདྲེན་པའི་ཆ་རྐྱེན་མང་པོ་སླེབས། སླས་མོ་ཆེར་ཕེབས་ཏེ་རྒྱ་གར་ནས་སྤྱན་དྲངས་པའི་རྟེན་མཆོད་རྣམས་ཞལ་ཕྱེ་མཆོད་པ་ཟབ་པར་ཕུལ། དེ་དུས་གཙང་པོ་བ་བསོད་ནམས་མཛེས་ཀྱིས་ཞལ་མཇལ་ཏེ། བདག་བསྙེན་པར་རྫོགས་ནས་ལྟུང་བ་བྱུང་བ་མི་དྲན་པས་ཚུལ་ཁྲིམས་བསྲུང་བའི་དགེ་བ་བསྔོ་བར་ཞུས་པས། པཎ་ཆེན་གྱིས་དབུ་ཞྭ་ཟུལ་གྱིས་ཕུད་ཕྱག་ཐལ་མོ་སྦྱར་ནས་བསྔོ་རྒྱུ་བཟང་འདི་ལྟ་བུ་རྒྱ་གར་ན་ཡང་དཀོན་གསུངས་ནས་བསྔོ་བ་རྒྱས་པར་མཛད། གླང་ལོའི་དབྱར་གནས་ཀྱང་སླས་མོ་