[A:༨༣ན]ཆེར་མཛད་དེ་དགག་དབྱེ་ཐོན་ནས་ཆུ་མིག་རིང་མོར་བྱོན། རྒྱན་གོང་གནས་སུ་རྡོ་རྗེ་དཔལ་ལ་བསྙེན་རྫོགས་གནང་། དེ་ནས་གཞུ་སྙིང་མོའི་ནང་ལ་བྱོན་ཚུར་ཕུ་ནས་སྟོད་ལུང་བརྒྱུད་ཇོ་བོ་རྣམ་གཉིས་ལ་མཆོད་པ་ཕུལ། མཚུར་ཕུ་བའི་སྐྱེལ་མི་རྣམས་ལ་ཁྱེད་ཀྱི་དགོན་པ་ན་སངས་རྒྱས་ཐོད་པའི་རྒྱུད་ནས་བཤད་པའི་སྐུ་གསུམ་སྣང་བ་ཁྱེད་ཀྱིས་ངོ་མ་ཤེས་གསུངས། སྐུ་གསུམ་ནི་བདེ་མཆོག་ཡབ་ཡུམ་གོ་ལྡོག ཤཱཀྱ་ཐུབ་པ་སྤྲུལ་སྐུ་ལ་ཡུམ་རྡོ་རྗེ་མཁའ་འགྲོ། རྡོ་རྗེ་དྲིལ་བུ་མཉམ་སྦྱོར་གྱི་ལྷ་དང་གསུམ་མོ། །དེ་ནས་སྲིན་པོ་རིར་སྟག་ལོའི་དབྱར་གནས་མཛད། བྱམས་ཆོས་ལྔ་དང་ཁྲི་རིགས་ཚོགས་རྣམས་གསུངས། མེ་མོ་ཡོས་ལ་སོལ་ནག་ཐང་པོ་ཆེར་ཕེབས་ཏེ་བསྟན་རྩིས་མཛད་པ་ན། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ནམ་གུང་མཉམ་པ་ལ། ཟླ་བ་རི་བོ་མ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དེར་རྗེས་ལོ་ནི་སྟོང་ཕྲག་གཅིག །བདུན་བརྒྱ་དང་ནི་ལྔ་བཅུ་དང་། །ཟླ་བ་གཉིས་དང་ཟླ་བ་ཕྱེད། །དེ་བཞིན་ཉི་མ་སྔ་རབ་འདས། །ཞེས་སོགས་བཤད་དོ། །དེ་ནས་བྱང་རྭ་སྒྲེང་དུ་བྱོན་པའི་ཡར་ལམ་འབྲི་ཁུང་པས་སྤྱན་དྲངས་ཀྱང་། གདན་གཅིག་པ་དང་བཀའ་གདམས་པས་གེགས་བྱས་མཇལ་དུ་མ་སྟེར་ཞེས་ཀྱང་གྲགས། ཕྱི་དེ་ས་ཕོ་འབྲུག་གི་ལོ་གཙང་དུ་ཕེབས། ཉང་སྨད་རྒྱན་གོང་གི་གཙུག་ལག་ཁང་དུ་བདག་ཉིད་ཆེན་པོ་ས་སྐྱ་པཎྜ་ཏ་ཆེན་པོ་ལ་བསྙེན་རྫོགས་གནང་། དེའི་ཚེ་དགུང་ལོ་རེ་ལྔ་པ་ཡིན་ཞིང་། སྦྲུལ་ལོའི་དབྱར་གནས་རིན་ཆེན་སྒང་དུ་མཛད་དེ། རྟ་ལོའི་དབྱར་གནས་ཤོང་ལུ་གུ་གདོང་དུ་མཛད་དེ། ལྷ་བཙུན་གུང་ཐང་པ་ལ་བསྙེན་རྫོགས་གནང་ནས། སྤྲེའུ་ལོ་སླར་ཡང་ཁྲོ་ཕུར་ཕེབས་ཏེ་