[A:༨༣བ]སྤྲེའུ་ལོའི་དབྱར་གནས་ཀྱང་གནས་དེར་མཛད། ལྷག་པར་ཆུ་ཕོ་སྤྲེའུ་ལོ་བྲེ་ཟླ་བའི་ཚེས་གསུམ་ནས་བཅུ་གསུམ་གྱི་བར་ལ་ཁྲོ་ཕུ་བྱམས་ཆེན་ལ་རབ་གནས་མཛད་ཅིང་། རིམ་གྱིས་ཁྲོ་ཕུ་ནས་མངའ་རིས་སུ་ཕེབས། བྱ་ལོའི་དབྱར་གནས་པུ་ཧྲང་དུ་མཛད། ཤིང་ཕོ་ཁྱི་ལོ་ཁ་ཆེར་ཕེབས་ཏེ། བོད་དུ་ལོ་བཅུ་གཅིག་བཞུགས། བསྟན་འགྲོའི་དོན་དཔག་མེད་མཛད་པས་མདོ་སྔགས་གཉིས་ཀའི་བསྟན་པ་ལ་ཕན་ཤིན་ཏུ་ཆེ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་། བྱང་རྡོར་གཉིས་ཀ་བསྙེན་རྫོགས་ཀྱི་སྡོམ་པ་དང་། ཤོང་པ་ཇོ་གདན་དང་། སེང་གེ་ཟིལ་གནོན་ལ་མེ་ཏོག་ཕྲེང་རྒྱུད་སོགས་རྒྱས་པར་གནང་སྟེ། འདུལ་བ་སྟོད་ལུགས་སྨད་ལུགས་གཉིས་ཀྱི་སྟེང་དུ། འདུལ་བའི་བརྒྱུད་པ་ཟུར་པ་ཞིག་ཀྱང་སྤེལ་བ་ཡིན་ལ། དེའི་ནང་ནས་བྱང་རྡོར་གཉིས་ཀྱིས་དགེ་འདུན་གྱི་སྡེ་སོ་སོར་བཙུགས་པ་ནི། དགེ་འདུན་སྒང་པ་དང་། ཚོགས་མོ་ཆེ་བ་སྟེ། དེ་གཉིས་ལས་མཆེད་པ་ལ་བྱེ་མ་རྫིང་བུ་པ་དང་། ཆོས་ལུང་པ་ཞེས་གྲགས་ཏེ་དེ་བཞི་ལ་ཇོ་གདན་ཚོགས་སྡེ་བཞི་ཞེས་དེང་སང་ཡང་གྲགས་པ་ཡིན་ནོ། །དེ་ལྟ་བུའི་པཎ་ཆེན་དེ་ལ་སློབ་མ་མང་དུ་བྱུང་ཡང་། ས་སྐྱ་པཎྜི་ཏ་ཁོ་ན་སྲས་ཀྱི་དམ་པར་མཛད་པ་ཡིན་ཏེ། པཎ་ཆེན་འདིས་བདག་ཉིད་ཆེན་པོ་ལ་བོད་རྒན་པོའི་འདྲེས་ཀྱིས་མ་བསླད་པའི་ལྷ་རྒྱན་གྱི་བཤད་སྲོལ་ལས་བྱོན་པའི་ཚད་མའི་གཞུང་ལུགས་ཀྱི་གཙོ་བོ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་དང་། གཞན་ཡང་དུས་ཀྱི་འཁོར་ལོའི་དབང་སོགས་ཟབ་མོ་སྔགས་ཕྱོགས་མང་པོ་དང་། ལྷག་པར་གསེར་ཞོ་བརྒྱ་དང་། གཡུ་ཞོ་བརྒྱ་རི་བ་གཅིག་རྣམས་ཕུལ་ནས་མ་ཧཱ་པཎྜི་ཏས་སྲུང་མ་རྣམས་ཀྱི་ནང་ནས་ཐུགས་གཙིགས་