R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༩བ
[A:༨༩བ] ཅིས་ཀྱང་དགོས་གསུངས་པ་ནས་ཞུ་ཡིག་སྤྱན་ཟུར་གཡོ་རྟེན་བོ་དྷི་ཙིཏྟའི་འཕྲེང་བ་ལ་རྒྱ་མཛེས་ཕུལ་ཞེས་གསུངས་པ་འདུག་པ་མཐོང་བས་སེམས་དགའ་བ་དང་སྤྲོ་བ་ཚད་ལས་འདས་པ་རབ་དགའི་ས་ཐོབ་པ་ལྟར་གྱུར་པ་ཡིན་ནོ། །ཚུལ་དེ་ལྟ་བུའི་སྒོ་ནས་མཚམས་སྦྱར་ཏེ་ཡུན་རིང་པོ་མ་ལོན་པ་ཁོ་བོ་ཅག་རང་ལོ་བཅུ་བདུན་དུ་སླེབ་པ་རྗེ་ཉིད་དགུང་གི་ལོ་བདུན་ཅུ་རྩ་གཉིས་སུ་ཕེབས་པའི་གླང་གི་ལོ་གླིང་དགའ་བདེ་བ་ཅན་གྱི་ཆོས་གྲྭ་ཆེན་པོར་རྗེ་བླ་མ་ཉིད་ཞལ་མཇལ། དེ་ནས་བཟུང་ལོ་གྲངས་དུ་མ་ཞིག་གི་བར་དུ་དད་པ་དང་གུས་པ་ཆེ་ཆེར་བགྱིས་ཏེ། དམ་པ་དེ་ཉིད་ཀྱི་ཞལ་གྱི་བུམ་བཟང་ལས། སྐལ་བཟང་ལས་འཕྲོ་ཅན་བདག་གིས་དམ་པའི་ཆོས་ཀྱི་བདུད་རྩི་ཅི་ཡང་ཞིག་ཐོབ་པ་ཡིན་ཏེ་དེ་ཡང་བསྟན་པའི་རྩ་བ་སོ་སོར་ཐར་པའི་སྡོམ་པ་གསོལ་བཞིའི་ཆོ་ག་ལ་བརྟེན་ནས་དགེ་བསྙེན་ཡོངས་སུ་རྫོགས་པའི་བར་དང་། སེམས་བསྐྱེད་ཀྱི་སྡོམ་པ་དབུ་སེམས་ཀྱི་ལུགས་ལས་ཁྱད་པར་དུ་འཕགས་པའི་བརྒྱུད་པ་གཉིས་ལྡན་གྱི་ཆོ་ག་ལས་ལེགས་པར་ནོས་ཤིང་། རིག་པ་འཛིན་པ་སྔགས་ཀྱི་སྡོམ་པ་རྒྱུད་སྡེའི་དགོངས་པ་ཚད་ལྡན་གྱི་སྐྱེས་བུས་ལེགས་པར་བཀྲལ་བའི་དཀྱིལ་འཁོར་བགྲང་བ་ལས་འདས་པ་རྣམས་སུ་ཆོ་ག་རྣམ་པར་དག་པའི་སྒོ་ནས་ཐོབ་པར་མཛད་དེ། མདོར་ན་བསྟན་པའི་རྩ་བ་སྡོམ་པ་གསུམ་པོ་སོ་སོའི་ཆོ་ག་དང་། དབང་དུས་སུ་གསུམ་ཆར་ཐོབ་པར་གསུངས་པའི་བཀའ་དྲིན་ནོས་ཤིང་། དེར་རྗེས་བརྒྱུད་པ་དྲི་མ་མེད་པ་ལས་འོང་བའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཟབ་ཁྲིད་མི་འདྲ་བ་ལྔ་ཕྲག་གསུམ་ཙམ་དང་། དེ་དག་དང་འབྲེལ་བའི་རྒྱུད་རྒྱ་གཞུང་འགྲེལ་པ་འགྲེལ་བཤད་དང་བཅས་པའི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་བཀའ་དྲིན་