[A:༩༠ན]སྩོལ་བར་མཛད་པ་ཡིན་ལ། དེའི་ནང་ནས་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཤིན་ཏུ་སྨིན་པ་ཆ་ལག་ཕྲ་མོ་ཚུན་ཆད་རྒྱས་ཤིང་ཞིབ་པར་ཞུས་པས། རྗེའི་གསུང་ལས། ཆོས་བདག་པོ་ལ་འཕྲོད་བློ་བདེ། ཞེས་གསུངས་པ་སོགས་ཐུགས་དགྱེས་པའི་གསུང་དུ་མ་འབྱོན་པར་མཛད་ཅིང་། ལྷག་པར་ལམ་འབྲས་པ་ཡོངས་ལ་མ་གྲགས་པའི་བརྡ་ཆིག་བརྒྱུད་ཐུན་མོང་མ་ཡིན་པ་སོགས་མཐའ་ཆོད་པར་སྩལ། གཞན་ཡང་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་བདེ་མཆོག་ལཱུ་ནག་དྲིལ་གསུམ་ནཱ་རོ་མཁའ་སྤྱོད་དང་བཅས་པའི་དབང་བྱིན་རླབས་བསྐྱེད་རྫོགས་ཀྱི་ཁྲིད་ཟབ་མོ་མན་ངག་ཕྲ་མོ་ཚུན། དེའི་རྒྱབ་རྟེན་རྒྱུད་དང་རྒྱ་བོད་ཀྱི་གཞུང་དུ་མའི་བཤད་ལུང་སོགས་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་། ཁྱད་པར་དུ་ཡང་རྗེ་ཉིད་དགུང་ལོ་བདུན་ཅུ་དོན་དྲུག་བཞེས་ཤིང་ཁོ་བོ་ཅག་རང་ལོ་ཉེར་གཅིག་ལོན་པའི་སྦྲུལ་ལོ་ནག་པ་ཟླ་བ་ལ་གླིང་དགའ་བདེ་བ་ཅན་གྱི་ཡང་དབེན་བསམ་གཏན་ཕུའི་གནས་མཆོག་དེ་ཉིད་དུ་དཔལ་གསང་བ་འདུས་པའི་ཆོས་སྐོར་རྣམས་སྩལ་བ་ཡིན་ཏེ། དེ་ཡང་བདག་གི་བླ་མ་རྗེ་བཙུན་དམ་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་ཉིད་ཀྱི་སྐུ་མཐོང་བ་ཙམ་དང་། ཚུལ་ཁྲིམས་ཀྱི་དྲི་བསུང་ཚོར་མ་ཐག་སྐུ་དྲུང་དེ་ཉིད་དུ་བློ་ལྷིང་ཕེབས་ཤིང་། ཐ་མལ་གྱི་རྟོག་པ་རགས་པ་རྣམས་རང་འགགས་སུ་ཁྲིག་འགྲོ་ཞིང་། ཞལ་གྱི་དཀྱིལ་འཁོར་ཁོ་ན་བལྟ་བ་ལས་ཡིད་གཞན་དུ་མི་འཕྲོ་བ་དང་། ཐུགས་ལྷག་བསམ་རྣམ་པར་དག་ཅིང་ཏིང་ངེ་འཛིན་བཟང་པོའི་རྒྱུན་ལ་ཆོས་གསུངས་པའི་ཚེ་ཡང་སྐབས་སྐབས་སུ་ཡུག་