R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༢བ
[A:༩༢བ]བརླབས་པའི་རིམས་པ་བསྒོམ་པ་ལ་དབང་། དབང་བཞི་པ་ཐོབ་ནས་འོད་གསལ་དང་ཟུང་འཇུག་གི་རིམ་པ་བསྒོམ་པ་ལ་དབང་བར་གསུངས་པས་སྔ་ཕྱི་གཉིས་ཕྱག་ལེན་དང་ཚིག་རིགས་མི་འདྲ་བ་ནི་མདོར་བསྡུས་ན་དེ་དག་ཡིན་ནོ། །ལུགས་སྔ་མ་འདིས་ཆོག་བསྒྲིགས་གསལ་བར་སྟོན་པ་ལ། རོང་ཚེ་དབང་གྲགས་ཀྱིས་མཛད་པའི་དཀྱིལ་ཆོག་དང་རྡོག་ཨཱརྻ་དེ་བས་མཛད་པའི་དཀྱིལ་ཆོག་ཡོད་པར་བཤད་ཅིང་། ཕྱི་མ་འདི་ལག་ཏུ་བླང་བའི་ཆོ་ག་ནི་བླ་མ་འཕགས་པས་མཛད་པའི་དཀྱིལ་ཆོག་དང་། ཕྱིས་སུ་ངོར་ཆེན་ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོས་མཛད་པའི་དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོ་སོགས་དང་། དེ་ཉིད་གཞིར་བཞག་གི་ཕྱག་ལེན་ཕྲ་མོ་ཚུན་ཀྱང་ཞིབ་ཏུ་བཀོད་པའི་སྙིགས་དུས་བསྟན་པའི་ཉི་མ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་དཀྱིལ་ཆོག་གཞན་ཕན་རྒྱས་བྱེད་སོགས་དུ་མ་ཡོད་དོ། །ཡང་རང་ལུགས་ཀྱི་ཟིན་བྲིས་འགའ་ཞིག་ལས། བུ་སྟོན་རིན་པོ་ཆེས་མཛད་པའི་དཀྱིལ་ཆོག་ཀྱང་གསར་མའི་ལུགས་ཁོ་ན་ཡིན་པར་བཤད་ཀྱང་། བུ་སྟོན་གྱི་འདི་ནི་ལུགས་སྔ་ཕྱི་བསྲེས་པ་ཞིག་ཡིན་དགོས་སམ་སྙམ་སྟེ། བུ་སྟོན་ལ་འཕགས་འོད་ཀྱིས་འགོས་ལུགས་ཀྱི་དབང་སོགས་དབང་བཀའ་བདུན་པོ་གཅིག་ཏུ་བསྲེས་པའི་དབང་རྒྱས་པ་ཞིག་གནང་ནས་བརྒྱུད་པ་འདྲེན་པ་ན་ལུགས་སྲོལ་བདུན་ཀའི་བརྒྱུད་པ་འདྲེན་པར་མཛད་ནས་དབང་བདུན་ཀར་བསྲེས་པས་ན། དཀྱིལ་ཆོག་ཀྱང་ཚུལ་དེ་བཞིན་དུ་རྩོམ་པར་རིགས་པས་སོ་སྙམ་མོ། །དེས་ན་བུ་སྟོན་གྱི་དཀྱིལ་ཆོག་འདི་ས་ལུགས་གཙང་མ་ཡིན་མིན་བརྟག་དགོས་སོ། །དེ་རྣམས་ཀྱིས་ས་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་