R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠ན
[A:༡༠ན]སྙམ་ནས་བརྩམས་པར་གྲགས་ལ། འདི་ནས་གསང་འདུས་ཀྱི་དཀྱིལ་འཁོར་ཆེན་པོ་གཅིག་གི་ནང་དུ་དཀྱིལ་འཁོར་ཆེན་པོ་སོ་གཉིས་བྱས་པ། དབུས་ཀྱི་མི་བསྐྱོད་པ་བཞུགས་པའི་ལྷ་སྣམ་ལ་མི་བསྐྱོད་པ་གཙོ་བོར་གྱུར་པའི་ལྷ་སོ་གཉིས་རྫོགས་པ། དེ་བཞིན་དུ་ཤར་ལྷོ་མི་གཡོ་བའི་གནས་སུ་མི་གཡོ་བས་གཙོ་བྱས་ཁྲོ་བོ་མི་གཡོ་བའི་སར་གཙོ་བོ་མི་བསྐྱོད་པ་བསྐྱལ་བ་སོགས་དཀྱིལ་འཁོར་འཇིགས་སུ་རུང་བ་ཆེས་ཆེ་བ་ཞིག་བསྟན་ཡོད་ཀྱང་རྣམ་དག་མ་ཡིན་ནོ་ཞེས་མཁས་པ་རྣམས་ཀྱིས་བཤད་པ་ལ། ས་སྐྱ་པ་བླ་མ་བླ་ཆེན་བྱ་བ་ན་རེ། ཁོང་རང་ཚོ་རྒྱུད་འདི་རྒྱ་ཕོ་བ་ལུང་པ་ལས། སྟོང་གྲོད་པ་ལུང་པས་བྱས་ཟེར་ནའང་གྱིས། ང་རང་འདིས་དབང་བསྐུར་བྱེད་ཟེར་ནས་དབང་མང་པོ་བྱེད་པར་གྲགས་སོ། །དེས་ན་གཉིས་མེད་རྣམ་རྒྱལ་ཆེ་བ་འདི་མཐའ་གཅིག་ཏུ་རྒྱུད་རྣམ་དག་མིན་པར་བུ་སྟོན་སོགས་མཁས་པ་མང་པོ་ཞིག་གི་བཤད་མོད། འདི་ལ་འཕགས་པ་རིན་པོ་ཆེས་རྒྱུད་ཀྱི་ལུང་མང་པོ་དྲངས་ཡོད་པས་བཀའ་མིན་ཞེས་ཀྱང་མི་རུང་ལ་ཁོ་རང་གི་ངོ་བོ་བོད་ཞིག་གིས་བསྒྲིགས་པ་ཡིན་ཞེས་ཀྱང་མི་རུང་ཞེས་གསུངས་ནས་བརྟག་པའི་གནས་སུ་མཛད་པ་ཉིད་དོན་ལ་གནས་ཏེ། གཉིས་མེད་རྣམ་རྒྱལ་དེ་ཉིད་ན་རྒྱུད་ཀྱི་ཚིག་ཡིན་ངེས་ཡིན་པ་ཡང་མང་དུ་ཡོད་པ་དང་། བོད་ཀྱིས་ཚིག་ཀྱང་མང་དུ་ཡོད་པར་བཤད་པས། རྒྱུད་གཅིག་ལ་རྒྱ་ཕོ་བ་ལུང་པས་རང་ཚིག་མང་དུ་བཅུག་རྒྱུད་ཚིག་ལ་ཡང་འདོར་ལེན་མང་དུ་བྱས། རང་གི་མན་ངག་རྣམས་དང་མཐུན་པར་བསྒྲིགས་པ་ཞིག་ཡིན་ནམ་སྙམ་མོ། །དེས་ན་མཐའ་གཅིག་ཏུ་བཀའ་མིན་པར་ཁ་ཚོན་གཅོད་པར་ཡང་དཀའ། བོད་ཀྱི་བསྲེ་སླད་བཅུག་པས་ཡིན་པར་ཁ་ཚོན་