R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩བ
[A:༩བ]ཞབས་ལུགས་པ་མེད་མི་རུང་དུ་འདོད་པའི་བཤད་རྒྱུད་གཉིས་དང་། རྣམ་སྣང་སྒྱུ་འཕྲུལ་དྲ་བ་དང་། གཉིས་མེད་རྣམ་རྒྱལ་དང་བརྒྱད་ལ་བཞེད། ཡང་འགའ་ཞིག་གོང་མ་བཞི་པོ་དེའི་སྟེང་དུ་ལྷའི་དབང་པོས་ཞུས་པ་དང་། རྒྱུད་ཕྱི་མ་གཉིས་བསྣན་ནས་བཤད་རྒྱུད་དྲུག་ཏུ་འདོད་ལ། དེ་ལ་ཆོས་རྗེ་རི་བོ་དགེ་ལྡན་པས། ལྷའི་དབང་པོས་ཞུས་པ་གསང་བ་འདུས་པའི་བཤད་རྒྱུད་དུ་འཕགས་ལུགས་པ་བཞེད་པའི་ཤེས་བྱེད་ལ། སྒྲོན་གསལ་དུ་ཨེ་ཝཾ་མ་ཡའི་བཤད་པའི་སྐབས་སུ་ལུང་དུ་དྲངས་ཤིང་ཚད་མར་མཛད་པའི་ཕྱིར་ཞེས་པ་དང་། རྒྱུད་ཕྱི་མ་བཤད་རྒྱུད་ཡིན་པའི་ཤེས་བྱེད་དུ་སྒྲོན་གསལ་དུ་ལུང་འདྲེན་ཡང་ཡང་མཛད་ཅིང་དོན་ཡང་དག་པར་བཤད་པའི་ཕྱིར་ཞེས་བཀོད་པ་སོགས་མཁས་པའི་བཞེད་པ་མི་མཐུན་པ་མང་ན་ཡང་། གསང་བ་འདུས་པའི་བཤད་རྒྱུད་ལ་དགུར་འདོད་པ་ནི་མི་འཐད་པར་བཤད་པ་ཡིན་ཏེ། གཉིས་མེད་རྣམ་རྒྱལ་དང་། ལྷའི་དབང་པོས་ཞུས་པ་དང་། རྣམ་སྣང་སྒྱུ་འཕྲུལ་དྲ་བ་དང་གསུམ་པོ་འདི་གསང་བ་འདུས་པའི་རྒྱུད་མ་ཡིན་པའི་ཕྱིར། དང་པོ་གཉིས་མེད་རྣམ་རྒྱལ་གསང་འདུས་ཀྱི་རྒྱུད་དུ་མི་འཐད་དེ། གཉིས་མེད་རྣམ་རྒྱལ་ལ་ཆེ་ཆུང་གཉིས་ཡོད་པའི་ཆེ་བ་ནི། རྒྱ་ཕོ་བ་ལུང་པས་མཛད་པས་རྒྱུད་རྣམ་དག་མིན་པར་བཤད་ཅིང་། ཆུང་བ་ནི་རྣམ་སྣང་སྒྱུ་འཕྲུལ་དྲ་བའི་རྒྱུད་དང་མཐུན་པས་སྒྱུ་དྲའི་ཆོས་སྐོར་སྟོན་བྱེད་ཡིན་གྱིས། གསང་འདུས་ཀྱི་ཆོས་སྐོར་སྟོན་བྱེད་མ་ཡིན་པར་བཤད་པའི་ཕྱིར། གཉིས་མེད་རྣམ་རྒྱལ་རྒྱ་ཕོ་བ་ལུང་པས་བརྩམས་ཚུལ་ཡང་། ཁོང་ལ་འདུས་པ་མར་ལུགས་ཀྱི་མན་ངག་མང་དུ་ཡོད་པས། དེ་རྣམས་སྟོན་བྱེད་ཀྱི་རྒྱུད་གཅིག་དགོས་པ་འདུག་