R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣ན
[A:༡༣ན]ཡོད་པའི་དང་པོ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མས་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་དངོས་སུ་གནང་བའི་མན་ངག་འཕགས་པ་ཡབ་སྲས་ཀྱིས་ལེགས་པར་བཀྲལ་བས་འཕགས་ལུགས་སུ་གྲགས་པ་འདི་ཉིད་དེ། ཇི་ལྟར་བཀྲལ་བའི་ཚུལ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་ལས་བཏུས་ནས་མི་བསྐྱོད་པ་གཙོ་བོར་བྱས་པའི་གསང་བ་འདུས་པ་ལྷ་སོ་གཉིས་ཀྱི་སྒྲུབ་ཐབས་ཏིང་ངེ་འཛིན་གསུམ་གྱིས་བཅིངས་པའི་བསྐྱེད་རིམ་སྟོན་པའི་གཞུང་མདོར་བྱས་དང་། དེ་ཉིད་རྒྱུད་ཀྱི་ལུང་དང་སྦྱར་ཞིང་ལྷག་མོས་འོད་གསལ་དུ་བསྡུས་པ་སོགས་མདོར་བྱས་སུ་མ་ཚང་བ་འགའ་ཞིག་གིས་ཀྱང་ཁ་སྐོང་བའི་ཚུལ་གྱི་སྒྲུབ་ཐབས་མདོ་དང་བསྲེ་བ་སྟེ་བསྐྱེད་རིམ་སྟོན་པའི་གཞུང་གཉིས། རིམ་ལྔ་དང་བྱང་ཆུབ་སེམས་འགྲེལ་ཏེ་རྫོགས་རིམ་སྟོན་པའི་གཞུང་གཉིས་དང་བཅས་པའི་བསྐྱེད་རྫོགས་ཀྱང་གཞུང་བཞི་མཛད་ལ། ཡང་སྨིན་བྱེད་ཀྱི་གཞུང་དཀྱིལ་ཆོག་ཉི་ཤུ་པ་བྱ་བ་གཅིག་མཛད་པར་འགོས་རྡོག་པ་སོགས་སྔ་རབས་པ་ཕལ་ཆེར་བཞེད་ཅིང་། དཀྱིལ་ཆོག་དེ་ཉིད་ཚད་མར་མཛད་ནས་དབང་བསྐུར་བའི་ཕྱག་ལེན་ཡང་དེའི་སྟེང་ནས་མཛད་ལ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱང་དེ་ཉིད་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་མིན་གྱི་དཔྱད་པ་གང་ཡང་མི་སྣང་བར། དེའི་སྟེང་ནས་འགོས་རྡོག་པ་སོགས་ཀྱིས་མཛད་པའི་དབང་བཀའ་ལ་དབང་བཀའ་རྙིང་མ་བྱ་བའི་ཐ་སྙད་མཛད་དོ། །དེ་ལྟ་བུའི་གཞུང་དེ་བུ་སྟོན་རིན་པོ་ཆེ་མ་བྱོན་གོང་དུ་འཕགས་པས་མཛད་པ་ཡིན་མིན་གྱི་དཔྱད་པ་དང་ཐེ་ཚོམ་མཛད་མཁན་སུ་ཡང་མ་བྱུང་ཡང་། བུ་སྟོན་གྱིས་དཀྱིལ་ཆོག་ཉི་ཤུ་པ་འཕགས་པ་ཀླུ་སྒྲུབ་