R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢བ
[A:༡༢བ]ཡང་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་དེ་ཉིད་ཀྱིས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་སོགས་བཤད་རྒྱུད་གོང་མ་བཞི་པོ་དེ་དག་མ་གཟིགས་པ་ཡང་མ་ཡིན་ལ། རྒྱུད་རྣམ་དག་མ་ཡིན་པར་བཞེད་པ་ཡང་མིན་མོད་ཀྱི། ལུགས་དེ་རང་གི་གསང་བ་འདུས་པའི་བསྐྱེད་རིམ་བསྙེན་སྒྲུབ་ཡན་ལག་བཞི། རྫོགས་རིམ་གྲོལ་བའི་ཐིག་ལེ་དང་། སྦྱོར་བ་ཡན་ལག་དྲུག་པའི་མན་ངག་དེ་ཐོན་པ་ལ་བཤད་རྒྱུད་དེ་གཉིས་ཀྱིས་ཆོག་ཅིང་། རྩ་བཤད་ཀྱི་རྒྱུད་གསུམ་པོ་དེ་དག་གང་རུང་ཞིག་མེད་ན་ཡང་ཉམས་ལེན་ཟབ་མོ་དེ་དག་མི་ཐོན་པས། བཤད་རྒྱུད་གཉིས་པོ་དེ་མེད་ན་ཡང་མི་རུང་བར་བཞེད་པ་ཡིན་ནོ། །དེས་ན་ཡེ་ཤེས་ཞབས་ལུགས་པ་དང་། ཤནྟི་པ་སོགས་འགྲེལ་བྱེད་གཞན་ལ་ཐུན་མོང་མ་ཡིན་པའི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་དང་། དགོངས་པ་ལུང་སྟོན་གཉིས་མེད་པས་རྩ་རྒྱུད་ཀྱི་བཤད་པའི་བྱིང་མ་ཐོན་པ་ཡིན་ཞིང་། འཕགས་ལུགས་རྩ་རྒྱུད་ཀྱི་ཚིག་དོན་གྱི་བཤད་པ་བྱིང་ཅན་ཐོན་པ། འཕགས་པ་ཀླུ་སྒྲུབ་ལ་ཐུན་མོང་མ་ཡིན་པའི་བཤད་རྒྱུད་དེ་དག་མཁའ་འགྲོ་མས་ལུང་བསྟན་པ་ལ་བརྟེན་ནས་བྱུང་བ་ཡིན་པར་བཤད་པ་ཡིན་ནོ། །དེ་རྣམས་ཀྱིས་འདུས་པའི་རྒྱུད་སྟོན་པས་ཇི་ལྟར་གསུངས་པའི་ཚུལ་བསྟན་ཟིན་ནས།། ༈ །།སྤྱི་དོན་གཉིས་པ་འདུས་པ་ལ་རྒྱ་བོད་དུ་བཤད་སྲོལ་ཇི་ལྟར་བྱུང་བའི་ཚུལ་ལ་གཉིས་ཏེ། འཕགས་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ་དང་། བོད་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ་ལོ། །དང་པོ་ནི། འོ་ན་གསང་བ་འདུས་པའི་རྩ་བཤད་ཀྱི་རྒྱུད་དེ་དག་ལ་བརྟེན་པའི་ལམ་སྲོལ་ཇི་ཙམ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་བྱུང་བ་ཡིན་ཞེ་ན། དཔལ་གསང་བ་འདུས་པ་འདི་ལ་རྒྱ་གར་འཕགས་པའི་ཡུལ་དུ་སྲོལ་ཆེན་བདུན་