R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠ན
[A:༢༠ན]བཅད་པ་མཛོད་དང་། གྲོལ་བའི་ཐིག་ལེ་དང་། བདག་གྲུབ་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་ཀྱི་ཐིག་ལེ་དང་། བཀྲ་ཤིས་ཀྱི་རྣམ་བཤད་ཆེན་མོ་དང་། བཞི་པ་ལ་འཇུག་པ་ཐབས་དང་བཅས་པ་དང་། ཆུ་སྦྱིན་དབང་པོའི་སྒྲུབ་ཐབས་གསུམ་སྟེ་དེ་ལྟར་ན་ལུང་དང་མཐུན་པའི་གཞུང་བཅུ་བཞི་མཛད་དོ་ཞེས་གསུངས་པ་ལྟར་ཡིན་པ་ཕལ་ཆེར་ལས་བཤད་དོ། །འོན་ཀྱང་བཅུ་བཞི་པོའི་ངོས་འཛིན་གཙང་ཧྲིག་པ་ཞིག་དགོས་པས་རྟོག་དཔྱོད་ཞིབ་མོའི་སྒོ་ནས་དཔྱོད་ལྡན་དག་གིས་འགྲེལ་པ་དེར་བཤད་པའི་གཞུང་གི་གྲངས་དེ་འདོར་ལེན་དང་། གཞན་ཡང་བཅུ་བཞིར་བཤད་པའི་ཁུངས་གསལ་བ་ཞིག་བཙལ་བར་བྱའོ། །འོ་ན་སློབ་དཔོན་དེས་མཛད་པའི་དཀྱིལ་ཆོག་ཅིག་ཡོད་ཀྱང་། དེ་ཉིད་སྨན་པའི་ཞབས་སོགས་ཀྱིས་མ་གཟིགས་པར་བཤད་པས་ན། ལུགས་འདིས་དབང་ཆོག་གཞུང་གང་ལ་བརྟེན་སྙམ་ན། གྲུབ་ཆེན་དེའི་སློབ་མའི་མཆོག་མར་མེ་མཛད་བཟང་པོས་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ་ལ་བརྟེན་ནས་ལུགས་འདིའི་རྗེས་འབྲང་གི་འཕགས་ཡུལ་གྱི་པཎ་གྲུབ་དག་ལུགས་འདིའི་དབང་མཛད་ཅིང་། འདི་ཉིད་ཚད་མར་ཀུན་གྱིས་འཛིན་པ་ཡིན་ཏེ། གྲུབ་ཆེན་དམན་པའི་ཞབས་ཀྱི་གསུང་ལས། རང་གི་གྲྭ་པའི་ཚོགས་ནས་རྒྱལ་ཚབ་ཀྱི་སར་འོས་པའི་སློབ་མ་བཅོ་བརྒྱད་ཀྱི་ནང་ནས་བདེན་པ་མཐོང་བ་ནི། མར་མེ་མཛད་བཟང་པོ། རབ་ཞི་བཤེས་གཉེན། སྒྲ་གཅན་འཛིན་བཟང་པོ། རྡོ་རྗེ་བདེ་བ་ཆེན་པོ་དང་བཞི་ཡོད་པ་ལས། ཁོ་བོ་ནི་དང་པོའི་རྗེས་སུ་འབྲངས་སྟེ་བླ་མ་ཆེན་པོའི་རིམ་པ་ཇི་ལྟ་བ་བཞིན་འདུག་པའི་ཕྱིར་རོ། །