R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩བ
[A:༡༩བ]བཀྲལ་བའི་ལུགས་དེ་ཉིད་དེ། དེ་ཡང་ཞལ་ལུང་གི་མཇུག་ཏུ། ཁྱོད་ཀྱང་ཟས་ཀྱི་བྱ་བ་དང་། ང་ལ་ཅུང་ཟད་འཁྲུལ་རྟོགས་པས། །ཚེ་འདི་ཉིད་ལ་མི་འགྲུབ་སྟེ། །ཟག་བཅས་ཕུང་པོ་རང་ལུས་ནི། །ཡང་དག་གནས་ནི་མི་འགྱུར་རོ། །ཁྱོད་ཀྱི་ལུས་འདི་སྤངས་མ་ཐག །རྣམ་པར་ཤེས་པ་མི་ཤིགས་པ། །ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར། །དེས་ན་ཁྱོད་ཀྱི་ཡང་དག་བློས། །སངས་རྒྱས་ཀུན་གྱི་འདུས་པའི་རྒྱུད། །གསང་བ་གསང་ཆེན་ཆེས་གསང་བ། །གོང་ན་མེད་པའི་ལུང་ཆེན་པོ། །དེ་ཡི་རིམ་པ་དང་པོ་ཡི། །སྒྲུབ་ཐབས་བཟང་དང་སྦྱིན་སྲེག་དང་། །གཏོར་མ་སྣ་ཚོགས་འཁོར་ལོ་དང་། །བསྡུས་པ་དང་ནི་རྣམ་བཤད་དང་། །དཀྱིལ་འཁོར་ཆོ་ག་ལ་སོགས་པ། །མི་ཤེས་མུན་པས་ཁེབས་འདྲ་བའི། །ཐུར་མ་ལྟ་བུ་བརྩམ་པར་བྱ། །ཞེས་ལུང་བསྟན་པ་ལ་བརྟེན་ནས་གཞུང་ཆེན་བཅུ་བཞི་མཛད་ཅིང་། བཅུ་བཞི་པོའི་ངོས་འཛིན་ལ་མི་མཐུན་པ་མང་ན་ཡང་། གྲུབ་ཆེན་དམན་པའི་ཞབས་ཀྱི་ཞལ་ལུང་གི་འགྲེལ་པ་ལས། རིམ་པ་དང་པོ་ནི་སྒྲུབ་པའི་ཐབས་འཁོར་དང་བཅས་པའོ། །སྒྲུབ་ཐབས་བཟང་ནི་ཀུན་ཏུ་བཟང་མོ་གསུམ་མོ། །སྦྱིན་སྲེག་ནི་སྦྱིན་སྲེག་གི་ཆོ་ག་གཉིས་སོ། །གཏོར་མ་ནི་མི་ནུབ་པའི་སྒྲོན་མེའོ། །སྣ་ཚོགས་འཁོར་ལོ་ནི་ཚོགས་འཁོར་ཆེན་མོའོ། །བསྡུས་པ་ནི་རིན་ཆེན་འབར་བའོ། །རྣམ་བཤད་ནི་མ་མཛད་དོ། །དཀྱིལ་འཁོར་གྱི་ཆོ་ག་ནི་ཉིས་བརྒྱ་ལྔ་བཅུ་པ་ཞིག་མཛད་ཀྱང་བླ་མས་དཔེ་ཁ་ཆེར་བསྣམས་ནས་བདག་གིས་ནི་མ་མཐོང་ངོ་། །སོགས་ཀྱི་སྒྲས་བསྡུས་པ་ནི། རྩ་བའི་ཡེ་ཤེས་ཆེན་མོ་དང་། ཚིགས་སུ་