R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠བ
[A:༢༠བ]ཞེས་གསུངས་པས་སོ། །གཞན་ཡང་ལུགས་འདི་ལ་གྲུབ་ཆེན་དེ་དག་གི་རྗེས་སུ་འབྲང་བའི་སྒྲུབ་ཐབས་སོགས་ཀྱི་གཞུང་ཕྲན་ཡང་དུ་མ་ཡོད་པར་བཤད་ལ། དེ་ལྟ་བུའི་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་སུ་གྲགས་པ་འདི་རང་གི་ངོ་བོ་ཕ་རྒྱུད་ཡིན་པ་གཞིར་བཅས་ཀྱང་། བསྐྱེད་རིམ་བསྙེན་སྒྲུབ་ཡན་ལག་བཞི་དང་། རྫོགས་རིམ་གྲོལ་བའི་ཐིག་ལེ་ཞེས་པ་འཁོར་ལོ་བཞིར་ཐིག་ལེ་བཞི་བསྒོམས་ནས་དགའ་བ་བཞི་དང་། ལྷན་སྐྱེས་ཀྱི་རྟོགས་པ་སྐྱེད་པར་བྱེད་པ་མ་རྒྱུད་དང་མཐུན་པ་དང་། ལམ་གྱི་སྔོན་འགྲོ་སྨིན་བྱེད་ཀྱི་དབང་ཡང་མ་རྒྱུད་དང་མཐུན་པར་བཤད་དོ། །ཡང་སྲོལ་གསུམ་པ་ནི་སློབ་དཔོན་ཤཱནྟི་པས་རྩ་རྒྱུད་ཕྱི་མ་གཉིས་སྦྲེལ་ནས་འཆད་པའི་འགྲེལ་པ་སྙིམ་པའི་མེ་ཏོག་ཅེས་བྱ་བ་མཛད་པ་སྟེ། འདི་ནས་མི་བསྐྱོད་པ་གཙོ་བོར་བྱས་པའི་གསང་བ་འདུས་པ་ལྷ་ཉེར་ལྔའི་དཀྱིལ་འཁོར་གྱི་དབང་ཆོག་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཚང་བ་དང་བཅས་པ་སྟོན་ཞིང་། ལྟ་བ་ནི་སེམས་ཙམ་པ་དང་མཐུན་པ་སྟེ། འགྲེལ་པ་དེ་ཉིད་ལས། ཆོས་འདི་ལ་ནི་རྣམ་པར་རིག་པ་ཙམ་དུ་བལྟ་བར་བྱ་སྟེ། ཞེས་གསུངས་པས་སོ། །དེས་ན་སློབ་དཔོན་ཤིནྟི་པས་གསང་བ་འདུས་པའི་ཆོས་སྐོར། འཕགས་ལུགས་པའི་སློབ་དཔོན་རྒྱལ་སྲས་ས་འདྲེས་པ་དང་། ཡེ་ཤེས་ཞབས་ལུགས་པའི་སློབ་དཔོན་དམན་ཞབས་གཉིས་ལ་གསན་པ་ཡིན་ཀྱང་། ལུགས་དེ་གཉིས་གང་གི་ནང་དུ་ཡང་མི་འདུ་སྟེ། འགྲེལ་པ་དེ་ནས་མི་བསྐྱོད་པ་གཙོ་བོར་བྱས་པའི་ལྷ་ཉེར་ལྔའི་དཀྱིལ་འཁོར་ཞིག་བསྟན་པས་ཡེ་ཤེས་ཞབས་ལུགས་ཀྱང་མིན་པར་བཤད་ཅིང་། ལྟ་བ་རྣམ་རིག་ཏུ་བཀྲལ་བས་འཕགས་ལུགས་ཀྱང་མ་ཡིན་པས་སོ། །