R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡ན
[A:༢༡ན]ཡང་རྣལ་འབྱོར་བླ་མེད་དུ་བཀྲལ་བས་གྲུབ་ཆེན་ཀུན་སྙིང་གི་ལུགས་དང་ཡང་མི་མཐུན་ལ། གསང་སྔགས་ཀྱི་ཤིང་རྟའི་སྲོལ་རང་དགར་བྱེད་པ་ཡང་མ་ཡིན་པས། བླ་མ་སྔ་མ་ཁ་ཅིག་གི་རྗེས་འབྲང་ལས་འོས་མེད་མོད། འོན་ཀྱང་གང་གི་རྗེས་སུ་འབྲངས་ཀྱི་བཤད་ཚོད་ཁ་གསལ་མེད་པར་བརྟེན། བླ་མ་གོང་མ་དག་གི་སྲོལ་ལེགས་པ་གཅིག་ཏུ་མཛད་པ་ཡིན་ནོ། །སྲོལ་བཞི་པ་ནི། སློབ་དཔོན་སྒེག་པའི་རྡོ་རྗེ་བྱ་བ་ཞིག་གིས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་གླེང་གཞི་མ་རྒྱུད་དང་མཐུན་པར་བཤད་པ་ཞིག་ཡོད་པ་དེ་ལ་ངོས་འཛིན་པར་བཤད་ཅིང་། སློབ་དཔོན་འདིས་གསང་འདུས་ཆོས་སྐོར་གང་ལ་གསན་གྱི་བཤད་པ་གསལ་བ་ཞིག་མ་བྱུང་ལ། སློབ་དཔོན་སྒེག་པའི་རྡོ་རྗེ་བྱ་བའི་མཚན་དང་ལྡན་པ་མཚན་བརྗོད་ཀྱི་འགྲེལ་བྱེད་འཇམ་དཔལ་སེང་ལྡེང་གི་དཀྱིལ་ཆོག་རྩོམ་པ་པོ་དེ་ཡིན་ན་མགོན་པོ་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་ངེས་ཤེས་པ་ཞིག་ཡིན་པར་བཤད་པས། འཇམ་དབྱངས་ལས་དངོས་སུ་གསན་པ་ཡིན་ནམ་ཞེས་བླ་མ་གོང་མ་དག་གི་གསུང་རྒྱུན་ལས་འབྱུང་ཞིང་སྲོལ་གཅིག་ཏུ་མཛད་པ་ཡིན་ནོ། །ཡང་ལམ་སྲོལ་ལྔ་པ་ནི་པཎྜི་ཏ་སྨྲྀ་ཏིས་བླ་མ་བཟང་པོའི་ཞབས་ཞེས་པ་ལ་གསང་འདུས་ཞུས་ནས་རྩ་རྒྱུད་ལ་འགྲེལ་པ་བརྩམས། འགྱུར་ཡང་པཎྜི་ཏ་རང་ཉིད་ཀྱིས་མཛད་པས། བོད་སྐད་འོ་ལེ་བ་ལས་མེད་པའི་སྟོབས་ཀྱིས་འགྱུར་ལེགས་པོ་མེད་པར་བཤད་པ་དེ་ཉིད་ཡིན་ལ། སྲོལ་དྲུག་པ་ནི་སློབ་དཔོན་ཤཱནྟི་པ་སོགས་མཁས་པ་སྒོ་དྲུག་གི་རྗེས་ཙམ་ལ་བྱང་ཤམྦྷ་ལ་ནས་འཕགས་ཡུལ་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་བཅུ་གཉིས་འགྱུར་བའི་ནང་