R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༥ན
[A:༢༥ན]དེ་འདུས་པའི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད། དེ་ལྟ་བུའི་འགོས་ལོ་ཆེན་པོ་དེས་སློབ་མ་རྒྱུད་ཀྱི་ཀ་བ་ཚུགས་པ་བཞིའི་ནང་ཚན་མང་ར་བ་སེང་གེ་རྒྱལ་མཚན་ལས་རྡོག་ཡེ་ཤེས་སེང་གེས་འགོས་ལུགས་ཡོངས་སུ་རྫོགས་པ་གསན། སྟོན་ཐུན་འབྲིང་པོ་རིམ་ལྔའི་སྒྲོལ་མ་བྱ་བ་མཛད། དེ་ནས་རྡོག་ཉི་མ་སེང་གེས་ཀྱང་འཕགས་ལུགས་ཀྱི་ཡིག་ཆ་རྣམས་ལ་ས་བཅད་དང་། ཊིཀྐ་སོགས་དང་། ཁྱད་པར་རྒྱུད་ཀྱི་སྟོང་ཐུན་ཆུང་བ་བྱ་བ་དང་། སྤྱོད་བསྡུས་ཀྱི་འགྲེལ་པ། སྒྲོན་གསལ་གྱི་འགྲེལ་བཤད་སྒྲོན་ཆུང་དུ་གྲགས་པ་རྣམས་མཛད། རྡོག་ཨཱརྻ་དེ་ཝས་གསང་འདུས་ཀྱི་དཀྱིལ་ཆོག་དང་འགྲེལ་པ་སོགས་ཡིག་འཇོགས་རྒྱ་ཆེན་པོ་མཛད་ཅིང་། རྡོག་པ་རྣམས་ཀྱིས་གསང་བ་འདུས་པ་ལ་འཆད་ཉན་ཕུལ་དུ་བྱུང་བ་མཛད་ནས་ཆེ་ཆེར་དར་ཞིང་འདུས་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བས། རྡོག་པའི་གསང་འདུས་འགོས་ལུགས་ལས་ལོགས་སུ་མེད་ཀྱང་། འདུས་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བས་གསང་བ་འདུས་པ་ལ་འགོས་རྡོག་མར་གསུམ་ཞེས་ལུགས་སྲོལ་སོ་སོ་བ་ལྟ་བུར་གྲགས། ཡང་འགོས་ལོ་ཆེན་པོ་ལ་འཁོན་དཀོན་མཆོག་རྒྱལ་པོས་གསན། དེས་སྐྱུ་ར་ཨ་སྐྱབས། དེ་ལ་ས་ཆེན་གྱིས་གསན་པ་དང་། འགོས་ཀྱི་སློབ་མ་ཀ་བ་ཚུགས་པ་དགེ་སེར་གྱིས་བླ་མ་གནམ་ཁ་འུབ་པ་ཆོས་ཀྱི་རྒྱལ་མཚན་ལ་གནང་། ཁའུ་པ་དེ་ཉིད་ཀྱི་དྲུང་དུ་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོས་འགོས་ལུགས་ཀྱི་དབང་རྒྱུད་སྒྲུབ་ཐབས་མན་ངག་མཐའ་དག་གསན་ནས་ཤིན་ཏུ་དར་བར་མཛད་པ་ཡིན་ལ། དེ་ལྟར་ན་འགོས་ལུགས་ལྡོག་ལུགས་དང་ས་ལུགས་གཉིས། ས་ལུགས་