R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༥བ
[A:༢༥བ]ལ་འགོས་རྡོག་པ་ནས་བརྒྱུད་པའི་གསང་འདུས་རྙིང་མ་དང་། ཁ་ཆེ་པཎ་ཆེན་ནས་ཆོས་རྗེ་ས་པཎ་ལ་བཀའ་བབས་པའི་གསང་འདུས་གསར་མར་གྲགས་པ་གཉིས་ལས། ཕྱི་མ་འདི་ལ་གསར་མ་ཟེར་བའི་རྒྱུ་མཚན་ཡང་། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་བོད་དུ་ཕེབས་པ་ལ་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཆེན་པོས་མདོ་སྔགས་རིག་གནས་དང་བཅས་པ་དང་། ཁྱད་པར་དུས་ཀྱི་འཁོར་ལོ་དང་། གསང་བ་འདུས་པའི་རྒྱུད་སྒྲུབ་ཐབས་གདམས་པ་ཀུན་ཆ་ཚང་བར་གསན། དེའི་ཚེ་ལོ་པཎ་ཁྱད་པར་ཅན་དེ་གཉིས་ཀྱིས་ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་དང་། སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པའི་དཀྱིལ་ཆོག་ཟུང་འཇུག་གསལ་བ་གཉིས་གསར་དུ་བསྒྱུར། དེ་ཕྱིན་ཆད་ནས་སྔར་གྱི་དབང་ལ་དབང་བཀའ་རྙིང་པ་དང་། ཁ་ཆེ་པཎ་ཆེན་གྱི་དཀྱིལ་ཆོག་ཉི་ཤུ་པ་ཀླུ་བྱང་གིས་མཛད་པའི་སྟེང་ནས་བསྐུར་བའི་དབང་བཀའ་གསར་མར་ཐ་སྙད་བཞག་གོ །ཡང་ཕྱིས་སུ་བུ་སྟོན་རིན་པོ་ཆེ་ཐམས་ཅད་མཁྱེན་པས་འདུས་པའི་བསྟན་པ་དར་བར་བཞེད་དེ་ཀུན་མཁྱེན་འཕགས་འོད་ལ་དཀའ་བ་དཔག་ཏུ་མེད་པ་ཞིག་གི་སྒོ་ནས་གསང་འདུས་གསན་པས། འཕགས་འོད་ཀྱིས་གསང་འདུས་བརྒྱུད་པའི་ལུགས་སྲོལ་སོ་སོའི་ཕྱག་ལེན་ཐམས་ཅད་འདུས་པའི་དབང་བཀའ་རྒྱས་པ་གཅིག་དང་། རིམ་ལྔའི་ཁྲིད་དང་རྒྱུད་ཀྱི་བཤད་བཀའ་སོགས་མཐའ་དག་གནང་། བུ་སྟོན་གྱིས་བསྟན་པའི་ཁུར་ཆེན་པོ་བཞེས་ཏེ་འཆད་ཉན་རྩལ་དུ་སྟོན་པས་གསང་བ་འདུས་པའི་བསྟན་པ་མི་ནུབ་པའི་སྲོག་ཤིང་ལྟ་བུར་གྱུར་ཏེ། གསང་བ་འདུས་པ་སྐོར་ལ་ཡིག་ཆ་ཡང་། འོག་ཏུ་རྒྱས་པར་འཆད་པ་ལྟར། གསང་འདུས་རྒྱུད་ཀྱི་འཆད་ཐབས་གསང་བའི་སྒོ་འབྱེད། ཁྲིད་ཡིག་ནོར་