R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༤བ
[A:༢༤བ]གསུམ་བྱོན་ཏེ། པཎྜི་ཏ་བཙུན་མོ་ཅན། མངོན་ཤེས་ཅན། ནག་པོ་དམ་ཚིག་རྡོ་རྗེ། པཎྜི་ཏ་སྤྲིན་གྱི་ཤུགས་ཅན་དང་བཞི་ལ་གསང་བ་འདུས་པའི་ཆོས་སྐོར་མཐིལ་ཕྱིན་པར་གསན་ནས་བོད་དུ་དར་རྒྱས་སུ་མཛད་པ་ལ་གསང་འདུས་འགོས་ལུགས་ཞེས་གྲགས་ཤིང་། ལོ་ཙཱ་བ་འདིས་དཔལ་གསང་བ་འདུས་པ་ལ་འཆད་ཉན་རྩལ་སྟོན་མཛད་པས་སློབ་མ་ཡང་རྒྱུད་ཀྱི་ཀ་བ་བཙུགས་པ་བཞི། མན་ངག་གི་གདུང་མ་ཐེག་པ་བརྒྱད། ལས་ཚོགས་དང་འཕྲིན་ལས་ལ་མཁས་པ་ལྕམ་དང་དྲལ་མ་གཤིབས་པ་ལྟ་བུ་ཤིན་ཏུ་མང་བ་བྱུང་བའི་ཚུལ་སོགས་རྒྱས་པ་འོག་ཏུ་འབྱུང་ངོ་། །འདིས་སྒྲོན་གསལ་ལ་འགྱུར་བཅོས་ཅུང་ཟད་མཛད། དེ་ལ་སྒྲོན་གསལ་གཡར་ཁྲལ་མར་གྲགས། གསང་འདུས་རྩ་རྒྱུད་ལོ་ཆེན་རིན་བཟང་གིས་བསྒྱུར་བ་ལ་བཅོས་མ་མཛད། རྒྱུད་དོན་མཐའ་དག་མངོན་རྟོགས་ཀྱི་རིམ་པར་བསྡེབས་ནས་བརྗོད་བྱ་རྒྱ་ཆེ་བར་སྟོན་ཞིང་། བླ་མ་དང་པོ་གསུམ་གྱི་དགོངས་བཞེད་ཐམས་ཅད་བཀོད་པའི་སྟོང་ཐུན་ཆེན་མོ། །འཆད་ཐབས་རྒྱན་བདུན་སོགས་ཀྱི་རྣམ་གཞག་སྟོན་པ་སྟོང་ཐུན་ཆུང་བ། རྩ་རྒྱུད་ཀྱི་ཚིག་འགྲེལ་སྒྲོན་གསལ་གཞིར་བཞག་པ་ལ་བླ་མ་རྣམས་གྱི་བཤད་སྲོལ་ཐུན་མོང་བ་དང་། ནང་གསེས་མི་འདྲ་བ་སོ་སོར་མ་འདྲེས་པར་རྩ་རྒྱུད་ཀྱི་སྟེང་དུ་མཆན་བཀོད་པ་ལ་རྒྱུད་ཀྱི་མཆན་ཆེན་དུ་གྲགས་པ་རྣམས་མཛད། གཞན་བླ་མ་རྣམ་གསུམ་གྱི་གདམས་པ་ཡི་གེར་བཀོད་པ་ལ་འགོས་ཀྱི་ཤོག་རིལ་གསུམ་དུ་གྲགས་པ་སོགས་གསང་བ་འདུས་པ་སྐོར་ལ་བསྟན་བཅོས་ཡང་མང་དུ་མཛད་