R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༦ན
[A:༢༦ན]བུ་རིན་པོ་ཆེའི་ཟ་མ་ཏོག་ལ་སོགས་པ་མང་དུ་མཛད་ལ། དེ་ལྟར་བུ་སྟོན་གྱིས་འཕགས་འོད་ལ་ལེགས་པར་གསན་པའི་གསང་བ་འདུས་པའི་དབང་འདི་ལ་བཀའ་བབས་སོ་སོའི་ལུགས་ཀུན་འདུས་ཞེས་མཚན་དུ་བཏགས། དེ་ཙམ་ནས་བཟུང་གསང་འདུས་ཀྱི་དབང་གཅིག་ཐོབ་པ་ན་བརྒྱུད་པའི་བཀའ་བབས་བདུན་ལྡན་ཞེས་གསུངས་ནས་བརྒྱུད་པ་ལུགས་སོ་སོ་ཐམས་ཅད་ནས་འདྲེན་པ་འདི་བྱུང་བ་ཡིན་ལ། འདི་ལ་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་རྒྱུན་ལས། བཀའ་བབས་བདུན་ལྡན་གྱི་དབང་འདི་ས་སྐྱ་པའི་ཀྱེ་རྡོར་བཀའ་བབས་བཞི་ལྟར་བརྒྱུད་པའི་ལུགས་སྲོལ་སོ་སོར་མ་འདྲེས་པ་ཞིག་དགོས་པ་ལས། ད་ཞ་ལུ་བས་གཅིག་ཏུ་བསྲེས་ཚར་འདུག་པས་དགག་སྒྲུབ་མང་ན། དབང་བཀའ་གཅིག་པོ་འདི་ཡང་མ་བྱུང་དོགས་འདུག་ཅེས་འབྱུང་བས། དེ་ནི་ཐུགས་ཤིན་ཏུ་མད་པར་སྣང་སྟེ། བུ་སྟོན་ལ་འཕགས་འོད་ཀྱི་བཀའ་བབས་བདུན་པོ་དབང་ཆོག་གཅིག་གི་སྟེང་ནས་དུས་གཅིག་ལ་མ་བསྐུར་བར། དབང་རྣམས་སོ་སོར་བསྐུར། བརྒྱུད་པ་ཡང་གཅིག་ལ་ཐམས་ཅད་འདུས་པ་འདི་མ་མཛད་པར་སོ་སོར་འདྲེན་པ་མཛད་ན། རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་དགེས་པ་རྡོ་རྗེ་བཀའ་བབས་བཞི་ལྟར། ལུགས་བདུན་ཁ་མ་འདྲེས་པའི་གཙང་ཧྲིག་པ་གཅིག་འབྱུང་བ་ལས། དེ་མ་བྱུང་བར་བཀའ་བབས་བདུན་ལྡན་ཞེས་པའི་མིང་འདོགས་མཛད་པ་འདི་ལ་དོན་རྒྱུད་ལ་འགལ་བ་ཆེར་མེད་དེ། རྡོག་ལུགས་ཀྱི་དབང་ལྟ་བུ་གཅིག་ལ་ཡང་བརྒྱུད་པ་གཞན་རྣམས་ཀྱི་དབང་གི་དོན་ཚང་བས། རྡོག་ལུགས་ཀྱི་དབང་ཐོབ་ན་བཀའ་