R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༦བ
[A:༢༦བ]བབས་གཞན་རྣམས་ཀྱི་དབང་ཡང་དོན་གྱིས་ཐོབ་པར་འགྱུར་བས་སོ། །འོན་ཀྱང་ཚིག་གི་བརྒྱུད་པ་ལ་དབང་ཆོག་གཅིག་ལ་བརྒྱུད་པ་ཐམས་ཅད་འདྲེན་པ་ནི་ཕྱག་ལེན་ཟོར་ཡངས་སུ་ཤོར་བར་སྣང་སྟེ། དོན་འདི་ལ་དགོངས་ནས་བདག་གི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་གསང་འདུས་མི་བསྐྱོད་པའི་དབང་བཀའ་གསར་རྙིང་གི་དོགས་དཔྱོད་བློ་གསལ་ཉེར་མཁོའི་ལེགས་བཤད་ཡ་རབ་མཁས་པའི་གཏམ་སྐྱེས་ཞེས་བྱ་བ་ལས། སྔར་གྱི་ངོར་ཆེན་རྡོ་རྗེ་འཆང་གི་གསུང་རྒྱུན་དེ་འདྲེན་པར་མཛད་ནས་ཞེས་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་གསུངས་པར་བཤད་པ་འདི་མྱངས་ན། འདིའི་ཁོག་ན་སྦས་དོན་ཟབ་མོ་ཞིག་འདུག་སྟེ་གསལ་གྲགས་ན་ཆུ་ལ་ཉ་མི་ཆགས། ད་དུང་ཡང་དཔྱོད་ལྡན་དག་གིས་གབ་པར་བྱའོ་ཞེས་གསུངས་པ་ཡང་བློ་གྲོས་དང་ལྡན་པ་རྣམས་ཀྱི་ཡིད་ལ་འབབ་པའི་གསུང་ཡིན་ནོ། །ཡང་སྐྱེས་མཆོག་མར་པ་ལོ་ཙཱ་བས་རྒྱ་གར་དུ་བྱོན་ནས་ཇོ་བོ་ནཱ་རོ་ཏ་པ་ལ་འདུས་པའི་དབང་དང་། རིམ་ལྔའི་ཁྲིད། རྒྱུད་རྐྱང་མན་ངག་གི་བཤད་པ་ཧྲིལ་གྱིས་དྲིལ་བ་ཙམ་གསན། རྒྱས་པར་ནི་ནུབ་གུ་ལ་ཀྵེ་ཏྲའི་གཙུག་ལག་ཁང་ན་བཞུགས་པའི་དཔལ་ཡེ་ཤེས་སྙིང་པོ་ལས་འདུས་པའི་དབང་རྒྱུད་གདམས་པ་འགྲེལ་པ་དང་བཅས་པའི་བཀའ་མཐའ་དག་གསན་བོད་དུ་སྤེལ་བ་ལས་མར་ལུགས་ཞེས་ཡོངས་སུ་གྲགས། དེ་ཡང་ལུགས་འདི་ལ་མཁས་པ་པཎྜི་ཏའི་ལུགས་དང་། ཀུ་ས་ལིའི་ལུགས་གཉིས་མཛད་ནས། དང་པོ་སྒྲོན་གསལ་དང་། སྤྱོད་བསྡུས་ཀྱི་སྟེང་ནས་རིམ་གྱིས་ལམ་སྟོན་པ་འགྲེལ་པ་ལུགས་དང་། གཉིས་པ་ནི་རྣལ་འབྱོར་པ་ཀུ་ས་ལིའི་ཉམས་ལེན་སངས་རྒྱས་ལག་