R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༣བ
[A:༤༣བ]གསུངས་ནས་རྡོའི་ཀ་ལ་ཕྱག་བརྒྱབ་པས་ཐོགས་པ་མེད་པར་ཐལ་བྱུང་དུ་མཛད་པ་སོགས་ཡོད་ཏན་དཔག་ཏུ་མེད་པ་མངའ་སྟེ། ཚིག་གསལ་དང་། འཇུག་པའི་གཤམ་དུ་སློབ་དཔོན་ཟླ་བ་གྲགས་པ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་ཟློག་པར་མཛད་པ་ཞེས་སོགས་གསུངས་པས་སོ། །འོ་ན་སློབ་དཔོན་ཟླ་བ་གྲགས་པ་འདི་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ནམ་སྙམ་ན། འདི་ལ་མཁས་པ་སོ་སོའི་བཞེད་པ་དགོད་པ་དང་། རང་ལུགས་འཐད་ཕྱོགས་ངོས་བཟུང་བ་དང་གཉིས་ལས། དང་པོ་ནི། ཇོ་བོ་རྗེའི་གསུང་ལས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་ཡོད། །ཅེས་གསུངས་པ་ཤེས་བྱེད་དུ་བྱས་ནས་བཀའ་གདམས་པ་རྣམས་དངོས་སློབ་ཡིན་པར་འཆད། དེ་བཞིན་དུ་བུ་སྟོན་རིན་པོ་ཆེས་གསང་འདུས་རྒྱུད་ཀྱི་བཤད་ཐབས་གསང་བའི་སྒོ་འབྱེད་ལས། སློབ་དཔོན་དེ་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་ཟེར་བ་ནི་མི་འཐད་དེ་ཇོ་བོས་མཛད་པའི་བདེན་གཉིས་ལས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་ཡོད། །ཅེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། སློབ་མའི་ཐ་མ་ཟླ་གྲགས་ལ། །ཆོས་ཀྱི་ཐ་མ་སྐྱེ་མེད་བསྟན། །ཞེས་གསུངས་པས་སོ་ཞེས་གསུངས་ནས། ཟླ་གྲགས་དངོས་སློབ་ཡིན་པར་བཞེད། ཆོས་རྗེ་རི་བོ་དགེ་ལྡན་པའི་དངོས་སློབ་ཡིན་ཏེ། ཟླ་གྲགས་ཚེའི་རིག་འཛིན་བརྙེས་པའི་ཕྱིར་ཞེས་ཟེར། མཁས་པའི་དབང་པོ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་གཏན་ཚིགས་ཆོས་འབྱུང་ལྷག་བསམ་རབ་དཀར་ལས། ཁོ་བོ་ནི་ཟླ་གྲགས་ཀླུ་སྒྲུབ་ཀྱི་ཞབས་ཟིན་ཡིན་པར་སེམས་ཏེ། གསང་