[A:༥བ]བའི་ལུགས་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པ་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པ་ཞིག རྩ་རྒྱུད་ཉུང་ངུ་ལེའུ་ལྔ་བཅུ་རྩ་གཅིག་པ་དང་། བཤད་མ་ཐག་པའི་བཤད་རྒྱུད་ལྔ་ཡོད། དེ་དག་རྩ་བཤད་དུ་སྡེབས་པས་ཐོན་ཅིང་། བཤད་རྒྱུད་ལྔ་པོ་དེ་ལ་གཞན་མི་དགོས་པས་ན་ལྔར་ངེས་པ་ཡིན་ལ། ཡང་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་གོང་དུ་དྲངས་པའི་སློབ་དཔོན་མི་ཐུབ་ཟླ་བའི་ལུང་དེའི་དོན་ལ། འབྱུང་དང་ཞེས་པས་སྡོམ་འབྱུང་དང་། ཧེ་རུ་ཀ་མངོན་འབྱུང་། ཕག་མོ་མངོན་འབྱུང་དང་གསུམ་ཟིན། མཁའ་འགྲོ་ཞེས་པས། རྡོ་རྗེ་མཁའ་འགྲོ་དང་། མཁའ་འགྲོ་རྒྱ་མཚོ་གཉིས། ཁ་སྦྱོར་ཞེས་པས། སམྦུ་ཊི་དང་རྣལ་འབྱོར་མ་བཞིའི་ཁ་སྦྱོར་བསྟན་པས་བཤད་རྒྱུད་དགུར་ཡོད་གསུངས་སོ། །དེ་ནི་ལུང་དེ་ཚད་མར་བཞེད་ན་སློབ་དཔོན་དེའི་གྲངས་ཀྱང་མ་དགོངས་པར་སོང་སྟེ། བཤད་རྒྱུད་དགུར་ཡོད་པ་ལུང་དེའི་ཚིག་གོང་མ་རྣམས་ཀྱིས་བསྟན་ནས། སླར་བཤད་རྒྱུད་རྣམས་ལྔར་འདོད་དོ། །ཞེས་བཤད་པའི་ཕྱིར་རོ། །ཚད་མར་མི་མཛད་ན་ཁྱེད་རང་གིས་རང་དགར་བཤད་རྒྱུད་དགུར་བཞེད་པར་སོང་བས། ལུང་དེས་ཚིག་འདིའི་དོན་འདི་ཟིན་ཞེས་ལུང་དོན་བཤད་པ་ལ་དོན་མེད་དེ། ལུང་དེ་ཚད་མར་མི་བཞེད་པའི་ཕྱིར་རོ་ཞེས་བླ་མ་གོང་མའི་གསུང་ལས་འབྱུང་ངོ་།། ༈ །།སྤྱི་དོན་གཉིས་པ་སྒོ་དྲུག་པོ་དེའི་ཆོས་སྐོར་བྱུང་ཚུལ་རྒྱས་པར་བཤད་པ་ལ། སྟོན་པ་སངས་རྒྱས་ཇི་ལྟར་བྱོན་པའི་ཚུལ། བྱོན་ནས་སྟོན་པས་དམ་ཆོས་ཇི་ལྟར་གསུངས་པའི་ཚུལ་དང་གཉིས། དང་པོ་ལ་ཡང་སངས་རྒྱས་གང་ལ་འབྱོན་པའི་བསྐལ་པའི་རྣམ་གཞག སྤྱིར་བསྐལ་པ་གང་ལ་སངས་རྒྱས་གང་འབྱོན་པའི་ཚུལ། བྱེ་